དགའ་ལྡན་ཤར་རྩེ་ཐེ་པོ་ཁང་ཚན།

དགའ་ལྡན་ཤར་རྩེ་ཐེ་པོ་ཁང་ཚན།

ཐེ་པོ་ཁང་ཚན་ནི། སྔོན་དུས་སུ་ཁང་ཚན་འདིའི་གྲྭ་རྒྱུན་མང་ཤོས་མདོ་སྨད་ཨ་མདོ་ཐེ་བོ་ས་ཁུལ་ནས་དགའ་ལྡན་དུ་འབྱོར་ནས་དེ་རྣམས་མཉམ་དུ་བཞུགས་ཏེ། སློབ་གཉེར་གནང་བར་བརྟེན། དེ་རྣམས་བཞུགས་ས་ལ་ཐེ་བོ་ཞེས་ཐོགས་པ་དང་། ཕྱིས་སུ་རིམ་གྱིས་ཐེ་པོ་ཁང་ཚན་ཞེས་བཏགས་པར་གསུངས།

བསྟན་པའི་གསལ་བྱེད་ཐེ་པོ་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན། གྲོ་ཚང་རིན་པོ་ཆེ། འོད་སྣ་ཁར་ཁ་རིན་པོ་ཆེ། སྐྱང་ཚའི་སྒ་བཞི་ནས་འཁྲུངས་པ་དགེ་བའི་བཤེས་གཉེན་ཆེན་པོ་ཐེ་པོ་བླ་ཐུང་དུ་གྲགས་པ་དང་། དེའི་སྤྲུལ་སྐུ་ངག་དབང་བློ་བཟང་ཆོས་འཕེལ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།

༡༽ གྲྭ་རྒྱུན་ཡོངས་ཁུངས། མདོ་སྨད་ཐེ་བོ། མཛོད་དགེ་ཤོག་ཆེན་བཅུ་གཉིས། ཨར་སྐྱེ། ར་ཙ་དགོན་པ། སོག་ཚང་དགོན་པ། ཞ་མིག་དགོན་པ་སོགས་ཡིན། དབུས་གཙང་གི་གང་ས་ནས་ཕེབས་ཀྱང་ཆོག དེང་སྐབས་ཕྱི་གླིང་ཨིས་ཟི་རལ་གྱི་སློབ་གཉེར་བ་དང་། ཧི་མ་ལའི་རི་རྒྱུད་ཁག་ནས་ཀྱང་གྲྭ་རྒྱུན་གང་མང་ཡོད།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ། དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཀྱི་ཆོག་གྲྭའི་ཁོངས་སུ་ཐེ་པོ་ཁང་ཚན་དང་། ལྷོ་པ་ཁང་ཚན། མངའ་རིས་ཁང་ཚན་བཅས་མཉམ་འཚོགས་ཀྱིས་གྲུབ་ཆེན་ལུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་མཆོད་ཆེན་མོ་འཚོགས་བཞིན་ཡོད། ཁང་ཚན་གྱི་སྲུང་མའི་གཙོ་བོ་བསེ་ཁྲབ་ཡིན་ཞིང་། ཟླ་བ་སོ་སོར་ཟླ་བསྐང་དང༌སྒྲོལ་ཆོག ལོ་ལྟར་གཡང་སྒྲུབ། ལོ་སར་སྐབས་གཙོ་བོ་བླ་མའི་རྣལ་འབྱོར་དང༌། ཆོས་སྐྱོང་བསེ་ཁྲབ་པའི་བསྐང་གསོ། གསོལ་ཚོགས། གཤེགས་གཏོར་རྟ་དབྱངས་དང་བཅས་པ་གསུངས།  ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད། ཉིན་ལྟར་མདོ་སྔགས་ཀྱི་གཞུང་ཆེན་ལ་སློབ་གཉེར་དང་། རིག་གསར་ཚན་རིག སྐད་ཡིག མཆོད་བཟོ། ཐིག རྡུལ་ཚོན་སོགས་ལ་སློབ་གཉེར་གནང་མུས་ཡིན།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༦༠༠ ལྷག་ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་ ༣༧ ཕེབས་ཐུབ་པ་བྱུང་ཁོངས་ནས་ཌལ་ལ་ཧོ་སེ་དང་ལམ་བཟོ་ལ་ཕེབས་མཁན་མང་དག་ཅིག་བྱུང་ཞིང་། སྦག་ས་ཆོས་སྒར་དུ་དགེ་འདུན་ ༡༢ ཕེབས་ཐུབ་ཡོད།
ག༽ མོན་གྷོར་དང་པོ་ཕེབས་སྐབས་དགེ་འདུན་པའི་ཞལ་གྲངས་ ༡༦ ཙམ་ཡོད།
ང༽ དེང་སྐབས་དགེ་འདུན་པ་ ༨༧ ཙམ་ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར། ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག སྦུག་པ། གཉེར་པ་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།