དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྒྱུན་ལས་ཚོགས་ཆེན།

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྒྱུན་ལས་ཚོགས་ཆེན།

(འོས་བསྡུ་ལྷན་ཁང་།)

༡༽ གྲུབ་ཆ།

དབུ་བཞུགས་སྐྱབས་གནས་མཁན་རིན་པོ་ཆེ། དགེ་བསྐོས། དབུ་མཛད། ཕྱག་མཛོད་བགྲེས་པ་ཉག་རོང་སྡེ་པ། སྦུག་པ་བགྲེས་པ། རྩིས་ཞིབ་ལས་ཁང་གི་འགན་འཛིན། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན། སློབ་གཉེར་ལྷན་ཚོགས་ཀྱི་འགན་འཛིན། སློབ་གྲྭའི་སློབ་སྤྱི། དཔེ་མཛོད་ཀྱི་འགན་འཛིན། ཚན་རིག་སྡེ་ཚན་གྱི་འགན་འཛིན། སྨན་ཁང་གི་འགན་འཛིན། ཁང་ཚན་བཅུ་གཅིག་གི་ཁང་ཚན་དགེ་རྒན་རྣམ་པ་བཅས་ཡིན།

སྐབས་རེ་ཚོགས་འདུ་གལ་ཆེ་རིགས་ལ་མཁན་རིན་པོ་ཆེས་ལམ་སྟོན་དང་འབྲེལ་ཁང་ཚན་སོ་སོ་ནས་གནས་ཡོད་མི་སྣ་སྤར་སྣོན་ཞུ་ཆོག་པ་ཡིན།

༢༽ ལས་འགན།

གྲྭ་ཚང་གི་འདུས་མང་ཚོགས་ཆེན་དངོས་ཚོགས་མིན་པའི་དུས་སྐབས་ཐམས་ཅད་དུ་རྒྱུན་ལས་ཚོགས་ཆེན་ནས་གྲྭ་ཚང་གི་སྒྲིག་ཁྲིམས་དང་། ཤེས་ཡོན། འཛིན་སྐྱོང་། དཔལ་འབྱོར། ཆབ་སྲིད་བཅས་གནས་དོན་ཀུན་ཐག་གཅོད་བྱུ་རྒྱུའི་ཐོབ་ཐང་དང་འགན་དབང་ཆ་ཚང་ཡོད་ལ། གྲྭ་ཚང་གི་ལས་བྱེད་འོས་བསྡུའི་སྐབས་གང་ཡིན་ལ་འོས་གཞི་གཏན་འབེབས་བྱ་དགོས།

གྲྭ་ཚང་གི་འདུས་མང་ཚོགས་ཆེན།

༡༽ གྲུབ་ཆ།

མཛོད་གསར་ཡན་ཆོད་ཀྱི་སློབ་གཉེར་བ་དང་། དགེ་བཤེས་ཐོན་ཟིན། བསྐྱེད་རིམ་པ་གྲྭ་ཚང་དུ་ཞུགས་ནས་ལོ་སུམ་ཅུ་དང་རབ་འབྱམས་པའི་བཤད་པ་བརྒྱབ་ཟིན་པ་རྣམས་འཚོགས་དགོས།

༢༽ འཚོགས་དུས།

ལོ་གསུམ་རེའི་མཚམས་སུ་གྲྭ་ཚང་གི་ཕྱག་མཛོད་བརྗེ་ལེན་གྱི་འོས་བསྡུའི་སྐབས་དང་། གཞན་ཡང་གྲྭ་ཚང་གི་རྒྱུན་ལས་ཚོགས་ཆེན་ནས་ཐག་གཅོད་མ་ཐུབ་པའི་གནས་དོན་འདུས་མང་ཚོགས་ཆེན་ནས་ཐག་གཅོད་དགོས་རིགས་མཁན་རིན་པོ་ཆེའི་བཀའ་འཁྲོལ་དང་བཅས་འདུས་མང་ཚོགས་ཆེན་བསྐོང་ཚོགས་བྱ་ཆོག