དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན།

དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན།

ཕུ་ཁང་ཁང་ཚན་ནི། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཕུ་ལ་ཆགས་ཡོད་པས་ཕུ་ཁང་ཁམས་ཚན་ནམ། ཕུ་ཁང་ཁང་ཚན་ཞེས་གྲགས།  མཁན་ཆེན་ཆོས་དབང་རྒྱ་མཚོ། དགའ་ལྡན་ཁྲི་ཆེན་ཕུ་ཁང་བློ་བཟང་སྦྱིན་པ། འཇམ་མགོན་སྨྲ་བའི་སེང་གེ་༸སྐྱབས་རྗེ་ཟོང་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།

༡༽ གྲྭ་རྒྱུན་ཡོང་ཁུངས་ནི། ཁམས་སྣང་བཟང་དགོན་དང། མཛེ་མཛེ་དགོན། མདོ་སྟོད་སྨར་ཁམས་དགོན་ཁག་བརྒྱད་དང།  ཟེའུ་འབྲུ་དགོན། བྲ་ནག་དགོན། ཡ་ར་དགོན་ཁག་བདུན། འཇུ་སྔོན་པོ་དགོན། བདེ་ཆེན་གླིང། བྱང་བསྟན་དགོན། དོན་གྲུབ་གླིང། རྒྱལ་ཐང་རོང་པ་ཁང་ཚན་སྐར་མདའ་དགོན། ལོའི་ཕུ་མདའ། འཕགས་མོ་ཞོལ། མལ་གྲོ་ཀླུང་ཤོད་ལྷ་སའི་ཉེ་འཁོར་སོགས་ཡིན་ཞིང། མདོར་ན་དེ་སྔོན་ཁང་ཚན་འདི་ལ་མི་ཚན། སྣང་བཟང་མི་ཚན། ཡ་ར་མི་ཚན། ཕག་ཤོད་མི་ཚན། ལོ་བ་མི་ཚན། བཞི་ཚོན་མི་ཚན་བཅས་ཡོད་ཁོངས། སྣང་བཟང་མི་ཚན་དང། ཡ་ར་མི་ཚན་གཉིས་གྲྭ་ཚོགས་ཆེ་བ་ཡོད་པས་རྒྱ་གར་དུ་ཡང་གྲྭ་བ་མང་བ་འབྱོར་ཡོད། གཞན་མི་ཚན་ཆུང་བ་གསུམ་ནས་གྲྭ་བ་ལྔ་ཙམ་དང། འགའ་ཤས་ནས་རྒྱ་གར་དུ་རྩ་བ་ཕེབས་མ་ཐུབ་པ་ཡོད། དེང་སྐབས་ཁང་ཚན་འདིར་གོང་གསལ་དེ་དག་གི་སྟེང་དུ་རྒྱ་གར་གྱི་མི་རིགས་དང། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སོགས་སློབ་གཉེར་བ་གྲྭ་ཚོགས་ཆེ།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ། དགའ་ལྡན་སྟག་རྩེའི་སྒྲུབ་མཆོད་ཀྱི་ཆོག་གྲྭ་བཅུ་གསུམ་ཡོད་ཁོངས་ནས་ཁང་ཚན་འདི་ཉིད་ནས་འཕགས་པ་གནས་བརྟན་བཅུ་དྲུག་གི་ཆོ་ག་རྒྱས་པ་སྔར་སྲོལ་ཉམས་མེད་གནང་མུས། ཁང་ཚན་གྱི་སྲུང་མའི་གཙོ་བོ་མགོན་པོ་ཞལ་བཞིར་ཟླ་དུས་ཀྱི་མཆོད་པ། ལོ་དུས་ཀྱི་གཏང་རག་ཆག་མེད།

ཉིན་གཉིས་རིང་དཔལ་མགོན་ཞལ་བཞིའི་བསྐང་གསོ་རྟ་དབྱངས་བཅས་རྒྱས་པ་དང་མཉམ་དུ་མགོན་ཆོས་ལྔ་ཆ་ཚང་གསུང་གི་ཡོད། དེ་དང་མཉམ་དུ་ལོ་རེའི་ཞལ་བཞིའི་གཡང་སྒྲུབ་རྒྱས་པ་དང་། བོད་ཟླ་ ༡༢ པའི་ནང་བཞི་ཇ་གཉིས་ཐུག་ཞེས་ཡོངས་སུ་གྲགས་པ་འདི་ཡང་འཚོགས་བཞིན་པར་མ་ཟད། ཁང་ཚན་བ་ར་དམ་བཅའ་དང། སྐྱོར་བརྡ་སོགས་གསན་བསམ་སློབ་གཉེར་ནི་སྤྱི་མཚུངས་ལྟར་ཡིན།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ སྔར་བོད་གངས་ཅན་ལྗོངས་སུ་དུས་ཟིང་མ་བྱུང་སྔོན་དུ་ཁང་ཚན་ལ་དགེ་འདུན་ཞལ་གྲངས་ ༥༠༠ ལྷག་ཙམ་ཡོད།
ཁ༽ སྦག་ས་ཆོས་སྒར་དུ་དགེ་འདུན་པའི་ཞལ་གྲངས་ ༥༠ ལྷག་ཡོད།
ག༽ ཐོག་མར་མོན་གྷོར་ཐོག་མར་འབྱོར་སྐབས་དགེ་འདུན་པ་་་་་་་་ཡོད།
ང༽ དེང་སྐབས་དགེ་འདུན་ཞལ་གྲངས་ ༥༣༠ ལྷག་ཙམ་ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར།

ཁང་ཚན་རྒན་གཅིག དབུ་མཛད་གཅིག འཛིན་སྐྱོང་གཉེར་པ་རྒན་པ་གསུམ། གཉེར་པ་གཞོན་པ་གསུམ། ཤེས་ཡོན་ཚོགས་ཆུང་རྒྱུན་ལས་གསུམ་བཅས་ཡོད།