དགའ་ལྡན་ཤར་རྩེ་མངའ་རིས་ཁང་ཚན།

དགའ་ལྡན་ཤར་རྩེ་མངའ་རིས་ཁང་ཚན།

མངའ་རིས་ཁང་ཚན་ནི།  རྗེ་རིན་པོ་ཆེས་གདན་ས་དགའ་ལྡན་ཕྱག་འདེབས་སྐབས། སྟོད་མངའ་རིས་སྐོར་གསུམ་སོགས་དང་། དེའི་ཕྱོགས་ནས་ཕེབས་པའི་རྗེའི་ཞལ་སློབ་རྣམས་དང་། དད་ལྡན་སློབ་གཉེར་བ་རྣམས་གྲྭ་སར་གདན་ས་དགའ་ལྡན་དུ་ཕེབས་སྐབས་བཞུགས་ཡུལ་སྤྱི་ཁང་སྟག་མོ་ཁང་ཞེས་པ་ཞིག་ཡོད་པ་དང་། དེ་རྗེས་ཤར་རྩེ་གྲྭ་ཚང་ཕྱག་བཏབ་ཟིན་རྗེས་དགའ་ལྡན་གྱི་གླིང་སྨད་དུ་ཤུག་སྡོང་ཁང་ཞེས་པའི་སྤྱི་ཁང་ཞིག་བྱུང་ཡོད་ཚོད་དང་། དེའི་ཕྱིས་སུ་གོང་གསལ་དེ་དག་གཅིག་ཏུ་བསྒྲིལ་ནས། གྲྭ་རྒྱུན་ཕལ་ཆེ་བའམ། མང་ཆེ་བ་སྟོད་མངའ་རིས་སྐོར་གསུམ་དང་། དེའི་ཕྱོགས་ནས་ཡིན་པས། གྲྭ་རྒྱུན་ཡོང་ཁུངས་ཀྱི་ཆ་ནས་མངའ་རིས་ཁང་ཚན་ཞེས་གྲགས་ཏེ། ད་ལྟའི་མངའ་རིས་ཁང་ཚན་འདི་བྱུང་བ་ཡིན།

ལོ་ཆེན་རིན་ཆེན་བཟང་པོའི་སྐྱེས་རབས་ཀྱི་འཕྲེང་བ་འཛིན་པ་རྗེ་བཙུན་བསྟན་འཛིན་སྙན་གྲགས་ཕྱི་ལོ་ ༡༩༧༣ ལོར་གྲྭ་ཚང་དང་ཁང་ཚན་འདི་ཉིད་ལ་ཆོས་ཞུགས་མཛད། རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་མཁན་རབས་དང་པོ་དཀའ་ཆེན་བཀྲ་ཤིས་རྡོ་རྗེ་མཆོག་གི་ཡང་སྤྲུལ་དཀའ་ཆེན་སྤྲུལ་སྐུ་བསྟན་འཛིན་ལེགས་བཤད་སོགས་བྱོན།

༡༽ གྲྭ་རྒྱུན་ཡོངས་ཁུངས། བོད་དབུས་ཕྱོགས་དང་། སྟོད་མངའ་རིས་ཀྱི་ས་ཕྱོགས་ནས་སྤི་ཏི། ཁུ་ནུ། གྷ་ཤ། ལ་དྭགས་སོགས་མངའ་རིས་སྐོར་གསུམ་གྱི་ཡུལ་ཕྱོགས་དང་། མོན་གྱིས་གཙོས། དེང་སྐབས་ཧི་མ་ལའི་རི་རྒྱུད་སོགས་གང་ས་ནས་ཡོད།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེན།
དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཀྱི་ཆོག་གྲྭའི་ཁོངས་སུ་མངའ་རིས་ཁང་ཚན། ལྷོ་པ་ཁང་ཚན་དང་། ཐེ་པོ་ཁང་ཚན་བཅས་མཉམ་འཚོགས་ཀྱིས་གྲུབ་ཆེན་ལུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་མཆོད་ཆེན་མོ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་འཚོགས་སྲོལ་ཡོད། གཡང་སྒྲུབ། ཁང་ཚན་འདིའི་སྲུང་མའི་གཙོ་བོ་མགོན་པོ་ཕྱག་དྲུག་པ་ཡིན་པས། ཁང་ཚན་ལོ་གསར་སྐབས་མགོན་པོའི་བསྐང་གསོ་རྟ་དབྱངས་དང་བཅས་པ་དང་། རྒྱུན་དུ་ཟླ་བསྐང་ཆག་མེད། ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༤༠ ནས་ ༦༠ བར་ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་ ༤ ཙམ་སྦག་ས་ཆོས་སྒར་དུ་ཕེབས་ཡོད།
ག༽ ཐོག་མར་མོན་གྷོར་ཕེབས་སྐབས་དགེ་འདུན་ ༢ ཙམ་ཡོད།
ང༽ དེང་སྐབས་དགེ་འདུན་པ་ ༡༢༠ ཙམ་ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར
ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག སྦུག་པ། ཤེས་ཡོན་འགན་འཛིན་མངའ་རིས་ཁང་ཚན་གྱི་སློབ་གཉེར་ཁང་ཟུང་འབྲེལ་བཅས་ཡོད། ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།