དགའ་ལྡན་ཤར་རྩེ་ལྷོ་པ་ཁང་ཚན།

དགའ་ལྡན་ཤར་རྩེ་ལྷོ་པ་ཁང་ཚན།

ལྷོ་པ་ཁང་ཚན་ནི། གྲྭ་རྒྱུན་གྱི་ཡོང་ཁུངས་ཕལ་ཆེ་བ་ནི་ལྷོ་ཁའི་ནང་ནས་དང༌། ལྷོ་ལུང་ཆེན་བཅོ་བརྒྱད་ཀྱི་ནང་ནས་ཡིན་པས། ལྷོ་པ་ཁང་ཚན་ཞེས་ཐོགས་པའམ། ཡང་ན་དེ་སྔོན་བོད་དུ་ཁང་ཚན་འདི་ལ་སྤྱི་ཁང་བཞི་ཡོད་པའི་ནང་ཚན་གྱི་ལྷོ་པ་ཁང་ཞེས་པ་དེའི་ནང་དུ་གྲྭ་རྒྱུན་ཡོང་ཁུངས་མང་བས་དེའི་ཆ་ནས་ཁང་ཚན་སྤྱི་ལ་ལྷོ་པ་ཁང་ཚན་ཞེས་བཏགས་པ་མིན་ནམ་སྙམ།

མཁན་ཆེན་རྒྱ་མཚོ་དབང་ཕྱུག། རྒྱལ་སྲས་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན། མཐུ་སྟོབས་ནུས་པའི་བདག་ཉིད་རིག་པ་འཛིན་པ་གྲགས་པ་དོན་ཡོད་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།

༡༽ གྲྭ་རྒྱུན་ཡོང་ཁུངས་ནི། ཆབ་མདོ། ཁྱུང་པོ། རི་བོ་ཆེ། དཔལ་འབར། ཨེ་ལྷ་རྒྱ་རི། ལྷོ་ཁ་གྲ་ནང་། ཁམས་སྟོད་ནགས་ཤོད། བྱིས་ན་དགོན། འདན་མ། སྡེ་དགེ། ཁྲོམ་གྲགས། ནང་ཆེན། དཀར་མདའ། རོང་པོ། ཚ་བ་དཔའ་ཤོད་སོགས་དང་། གཞན་ཡང་ལུང་ཚན་ཆུང་བ་དང༌། དབུས་ཁུལ་ནས་མང་དག་ཅིག་ཡོད་ལ། དེང་ཧི་མ་ལའི་རི་རྒྱུད་ནས་ཀྱང་གྲྭ་རྒྱུན་གང་མང་ཡོད།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ། དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཀྱི་ཆོག་གྲྭའི་ཁོངས་སུ་ལྷོ་པ་ཁང་ཚན་དང་། ཐེ་པོ་ཁང་ཚན། མངའ་རིས་ཁང་ཚན་བཅས་མཉམ་འཚོགས་ཀྱིས་གྲུབ་ཆེན་ལུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་མཆོད་ཆེན་མོ་འཚོགས་ཀྱི་ཡོད། གཡང་སྒྲུབ་ཉིན་གསུམ།  སྐུ་རིམ་ཆེན་མོར་མགོན་ཆོས་ལྔའི་བསྐང་གསོ་གྲྭ་ཚང་གི་དུས་བཟང་ཇི་བཞིན་དབྱངས་རོལ་རྒྱས་པ་དང་བཅས། ཁང་ཚན་འདིའི་སྲུང་མའི་གཙོ་བོ་དཔལ་ལྡན་ལྷ་མོ་ཡིན་པས། ཁང་ཚན་ལོ་སར་སྐབས་དཔལ་ལྡན་ལྷ་མོའི་བསྐང་གསོ་རྟ་དབྱངས་རོལ་ཚིག་རྒྱས་པ་དང་འབྲེལ་བྱིན་འབེབས་དང་རྟེན་འབུལ། མཆོད་གཏོར་དང་ཚོགས་མཆོད་རྒྱས་པ། ཚེས་གཏོར་དང་གཤེགས་གཏོར་བཅས་འབུལ་རྒྱུར་མཚན་ཕུད་འཚོགས་མུས། རྒྱུན་དུ་ཟླ་བསྐང་ཆག་མེད། ༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་སོགས་ཀྱི་ཆེད་ལོ་ལྟར་མ་མོའི་འཁྲུགས་བསྐངས་རྒྱས་པ་དང་གདུགས་དཀར་གཏོར་ཟློག་དང་སྒྲོལ་ཆོག་རྒྱས་པ་སོགས་གསུང་། ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༦༠༠ ལྷག་ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་ ༨༧ ཕེབས་ཐུབ་པ་བྱུང་ཁོངས་ནས་ཌལ་ལ་ཧོ་སེ་དང་ལམ་བཟོ་ལ་ཕེབས་མཁན་མང་དག་ཅིག་བྱུང་ཞིང་། སྦག་ས་ཆོས་སྒར་དུ་ཕེབས་མཁན་དགེ་འདུན་ ༣༠ ལྷག་བྱུང་ཡོད།
ག༽ ཐོག་མར་མོན་གྷོར་ཕེབས་སྐབས་དགེ་འདུན་པའི་ཞལ་གྲངས་ ༡༣ ཙམ་ཡོད།

ང༽ དེང་སྐབས་དགེ་འདུན་པ་་་་་་་་་་་་་་་་་་་ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག ཤེས་ཡོན་ཚོགས་ཆུང་། གཉེར་པ་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།