རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དགོན་པ།
- Home
- chevron_right
- རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དགོན་པ།
རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དགོན་པ།
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་སྙིང་བསྡུས།
༄༅། །ལྷ་དང་བཅས་པའི་སྐྱེ་རྒུ་ཡོངས་ཀྱི་སྟོན་པ་བླ་ན་མེད་པ། རྣམ་འདྲེན་ཤཱཀྱ་སེདྒེས་མ་འོངས་སྙིགས་མའི་དུས་སུ་རང་ཉིད་ཀྱི་བསྟན་པ་འཛིན་ཅིང་སྤེལ་བ་ལ་རྒྱལ་བ་རང་ཉིད་དང་སྒོ་ཀུན་ནས་མཚུངས་པའི་མཛད་པ་ཉེ་བར་སྟོན་པར་འགྱུར་ཞེས་ལན་གཅིག་མིན་པར་མདོ་རྒྱུད་རྒྱ་མཚོ་ཆེན་པོ་ལས་ལུང་དུ་བསྟན་པའི་བདག་ཉིད་ཆེན་པོ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་འཇམ་དབྱངས་མིའི་རྣམ་རོལ་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་རྗེ་བཙུན་བློ་བཟང་གྲགས་པའི་དཔལ་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་གཡོ་བ་དེ་ཉིད། རབ་བྱུང་དྲུག་པའི་མེ་བྱ་ལོར་ (ཕྱི་ལོ་ ༡༣༥༧) མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་བལྟམས་ཤིང་། སྐུ་གཞོན་ནུའི་དུས་ནས་བཟུང་ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་རིགས་ཀྱི་ཅོད་པན་དུ་བཟུང་། མཚན་དཔེའི་ལང་ཚོ་ཆེར་རྒྱས་པ་ན། རིམ་གྱིས་དབུས་འགྱུར་ཆོས་ཀྱི་ཞིང་དུ་བྱོན་ཏེ། ཇི་སྐད་དུ། རྗེ་ཉིད་ཀྱི་གསུང་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་རང་ཉིད་ཀྱི་རྟོགས་པ་བརྗོད་པ་ཡི་གེའི་རིས་སུ་སྤེལ་བར་མཛད་པ་ལྟར། དབུས་གཙང་གི་ཆོས་གྲྭ་ཆེ་ཆུང་རྣམས་སུ་མདོ་སྔགས་རིག་གནས་ཡོངས་ལ་གསན་བསམ་མཐར་ཕྱིན་པར་མཛད། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀས་བསྐུལ་ནས་འོལ་ཁ་ཆོས་ལུང་སོགས་དབེན་གནས་མང་པོར་ཐོས་དོན་སྒྲུབ་པ་སྙིང་པོར་གཞོལ། གསེར་མདོག་ཅོད་པན་འཆང་བའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་ཕྱེས། ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་མཛད་པ་སོགས་མཛད་ཆེན་བཞི་དང་། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་ལེགས་པར་བཤད་པའི་སྐྱེས་བཟང་རྨད་དུ་བྱུང་བ་གསུང་འབུམ་པོད་ཆེན་བཅོ་བརྒྱད་མཛད་དེ་བསྟན་པའི་སྙིང་པོ་དྲི་མ་མེད་པ་ལྷ་དང་བཅས་པའི་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཉིན་མོ་ལྟར་གསལ་བར་མཛད།
གདན་ས་ཆེན་པོ་དགའ་ལྡན་ཕྱག་འདེབས་ཚུལ།
འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནི། ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་བཞི་བཅུ་འདས་པའི་སྟག་རྩེ་རྫོང་ཁོངས་ཀྱི་འབྲོག་རི་བོ་ཆེ་ཞེས་པའི་གནས་སུ་ཆགས་ཡོད། དེ་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་ལྷོ་བྲག་ལས་ཀྱི་རྡོ་རྗེར་གསང་བའི་བདག་པོས་ལུང་དུ་བསྟན་པ་ལས།
དབང་བསྐུར་རི་ཡི་ལྡེབས་དག་ཏུ།།
བཙུན་མོ་སྡིངས་ཀྱི་ངོས་ཕྱོགས་སུ།།
དགེ་འདུན་དཔག་མེད་འདུ་བར་འགྱུར།།
རི་ནི་གང་ཡིན་འཇམ་དཔལ་འཆད།།
མངའ་རིས་བྱང་ཁམས་ཀུན་གྱི་སྐྱབས།།
ཕྱོགས་བཅུར་སྡེ་དགོན་རྒྱས་པར་འགྱུར། །ཞེས་མདོ་བརྒྱུད་དུ་མ་ནས་ལུང་བསྟན་པ་ལྟར། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དེ་ཉིད་དགུང་གྲངས་ལྔ་བཅུ་ང་གསུམ་པར་ཕེབས་པ་རབ་བྱུང་བདུན་པའི་ས་མོ་གླང་། ཕྱི་ལོ་ ༡༤༠༩ ལོར། སྔོན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་ཉིད་བོད་གངས་ཅན་གྱི་ནོར་འཛིན་སྐྱོང་བའི་བདག་པོར་དབང་བསྐུར་བའི་རི་ཡི་ལྡེབས། འབྲོག་རི་བོ་ཆེ་ཉིད་དུ་གདན་ས་ཆེན་པོ་འདི་ཕྱག་འདེབས་པའི་དུས་ལ་བབས་པར་མཁྱེན་ནས། རྗེ་ཙོང་ཁ་པ་ཆེན་པོ་སློབ་མ་ཉུང་ཤས་དང་བཅས་གནས་དེར་བྱོན་ནས་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་པ་དང་མཐུན་པར་ས་བརྟག་བསླང་སྦྱང་གསུམ་མཛད་དེ་གནས་གཞི་བྱིན་གྱིས་བརླབས། རིན་ཆེན་ལྷུན་པོ་ཡབ་སྲས་ལ་ཞལ་ཏ་མཛད་པ་བཞིན། དེ་ལོའི་དཔྱིད་མཇུག་ཙམ་ལ་སྲས་ཀྱི་ཐུ་བོ་དཀའ་བཅུ་བ་དར་མ་རིན་ཆེན་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་རྣམ་གཉིས་ཀྱིས་ཐོག་དྲངས་དགེ་འདུན་ཕལ་ཆེ་བས་འབྲོག་རི་བོ་ཆེར་བྱོན། གཞི་བརྟགས་པ་དང་དགེ་འདུན་ལ་གསོལ་བ། དགེ་འདུན་གྱིས་གནང་བ་སྦྱིན་པ། ལག་གི་བླ་བསྐོ་བ། རྡོ་བཏེགས་པའི་མཐའ་ལས་བྱུང་བའི་རུང་ཁང་གཅོད་པ། ཁང་པའི་ཚད་ལས་ལྷག་པར་མི་བརྩིགས་པ་སོགས་ཀྱི་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་། རྗེ་ཉིད་ནས་རབ་གནས་སོགས་རྒྱས་པར་མཛད་ཅིང་། སྔོན་མོའུ་འགལ་བུས་བདག་ཅག་གི་སྟོན་པའི་བཀའ་བཞིན་འགོག་པ་རིར་སྦས་པའི་ཆོས་དུང་གཏེར་ནས་བཞེས་ཏེ། ནང་ལྟར་ན་གསང་བ་འདུས་པའི་ཕོ་བྲང་། གསང་བ་ལྟར་ན་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་དང་གཉིས་སུ་མེད་པ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་སྐྱེ་རྒུའི་བསོད་ནམས་ཀྱི་སྐལ་བར་ལྷུན་གྱིས་གྲུབ་པར་མཛད།
བྱང་ཆུབ་ལམ་གྱི་རིམ་པ་དང་། གསང་འདུས་སྒྲོན་གསལ་རིམ་ལྔ་བཅས་པ། མངོན་པ་ཀུན་བཏུས། ས་སྡེ་ལ་སོགས་པའི་མདོ་སྔགས་ཀྱི་ཆོས་འགང་ཆེ་བ་དུ་མའི་བཤད་པ་མཛད་ཅིང་། དབུ་མ་དགོངས་པ་རབ་གསལ་དང་། རིམ་ལྔ་གསལ་སྒྲོན་དང་གདན་རྫོགས། གསང་འདུས་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་རྣམས་བརྩམས་པར་མཛད་པ་སོགས་གདན་ས་ཆེན་པོ་འདི་ཉིད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་རྨང་ཚུགས་པར་མཛད།
གདན་ས་འདིའི་མཚན་ལ་དགའ་ལྡན་ཞེས་གྲགས་པ་ནི། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ལུང་བསྟན་དང་། དགོན་པའི་མིང་ལ་རྟེན་འབྲེལ་གྱི་སྒྲ་དོན་ཡོད་པས། ཁྱེད་རང་འདི་ནས་དགའ་ལྡན་དུ་བྱམས་པ་མགོན་པོའི་དྲུང་དུ་འབྱོན་ཞིང་དེར་བཞུགས་པར་འགྱུར་བས། དགོན་པའི་མིང་ལའང་དགའ་ལྡན་གྱི་མིང་བཏགས་ན། རྗེ་བླ་མ་ཉིད་བཞུགས་པ་དང་འདྲ་བའི་རྟེན་འབྲེལ་ཡོད་ཅེས་ལུང་གིས་གསལ་བ་ལྟར་དགའ་ལྡན་ཞེས་པ་དང་། ཡང་རྗེ་བླ་མའི་གསུང་གི་མཛད་བྱང་དང་། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྣམ་ཐར་སོགས་ཕལ་མོ་ཆེར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་འཁོད་པ་ལྟར་དགའ་ལྡན་ཞེས་པ་དང་། དགེ་ལྡན་ཞེས་པ་གཉིས་ཀ་གོང་དུ་ཇི་ལྟར་དྲངས་པ་ལྟར་ལྷ་དང་བླ་མའི་ལུང་གིས་ཟིན་པ་ཡིན་པས་དེ་གཉིས་གང་བརྗོད་ཀྱང་མི་རུང་བ་མེད། དེ་ལ་བརྟེན་ནས་རྗེ་བླ་མ་མཆོག་གི་རིང་ལུགས་འདི་ལའང་གདན་སའི་མཚན་ནས་གྲས་ཏེ་དགེ་ལྡན་པའི་ལུགས་ཞེས་སམ་དེ་ཉིད་ཚིག་སྡུད་ཀྱིས་རི་བོ་དགེ་ལུགས་པ་ཞེས་གྲགས་དཀར་སྙན་པའི་བ་དན་ས་གསུམ་གྱི་བླ་ན་གཡོ་བ་འདི་ཉིད་བྱུང་བ་ཡིན།
ཡངས་པ་ཅན་གྱི་གཙུག་ལག་ཁང་།
རྗེ་བླ་མ་དགུང་གྲངས་རེ་གཅིག་པར་ཕེབས་པ་མེ་མོ་བྱའི་ལོར་ (༡༤༡༧) གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཞེས་དགའ་ལྡན་དུ་ཡངས་པ་ཅན་གྱི་གཙུག་ལག་ཁང་གསར་བཞེངས་མཛད་དེ། དབུས་ཀྱི་གཙང་ཁང་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྣང་བརྙན་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཟད་ཆེ་བ་ཐུབ་པ་ཚུལ་ཁྲིམས་མར་གྲགས་པ་དང་། སྟེང་གི་གཙང་ཁང་དུ་དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་པའི་དཀྱིལ་འཁོར་དང་། འཁོར་ལོ་བདེ་མཆོག་ལྷ་རེ་གཉིས་པ། དཔལ་ཆེན་རྡོ་རྗེ་དབྱིངས་ལྷ་བཅུ་གསུམ་པ་བཅས་དཀྱིལ་འཁོར་གསུམ་གྱི་བློས་བསླངས་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་སྐབས་རྡོར་དབྱིངས་དང་། མི་བསྐྱོད་རྡོ་རྗེ། བདེ་མཆོག་སྟེ་གཙོ་བོ་རྣམ་གསུམ་རང་བྱོན་ལྟ་བུར་བྱོན་ཅིང་། བདེ་མཆོག་གི་ཐུགས་ཀར་དྲོད་རྟ་རྔ་ཙམ་ཡོད་པ་དང་། སྙིང་པོའི་རྣལ་འབྱོར་མ་བཞི་ཡང་རང་བྱོན་དུ་ཕེབས་པ་དང་། གཞབ་ཡང་དཔལ་རྡོ་རྗེ་འཇིགས་བྱེད་སོགས་རྒྱུད་སྡེ་བཞིའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་པར་རང་བྱོན་མང་དུ་ཕེབས།
རྟེན་འདི་དག་ཀྱང་ལྷའི་ཆ་ཚད་བསྟན་པའི་རྒྱུད་ཀྱི་དགོངས་པ་བཞིན་དུ་བཞེངས་པ་དང་། དེ་དག་ལའང་རྒྱུའི་བྱིན་རླབས་དང་། བཟོ་བོ་ལྷར་བསྐྱེད་པ་དང་། ལག་ཆ་བྱིན་གྱིས་བརླབས་པ་སོགས་ཚུལ་བཞིན་དུ་མཛད། དེ་ལྟར་ཡངས་པ་ཅན་གྱི་གཙུག་ལག་་ཁང་རྟེན་དང་བརྟེན་པར་བཅས་པ་མེ་བྱ་ལོ་དེར་རགས་རིམ་ཞིག་གྲུབ་པ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་ཏུ་གནས་པའི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཆ་ཚང་བ་རྒྱས་པར་མཛད་ཅིང་། རྗེ་ཉིད་ཀྱི་མཛད་ཆེན་བཞིའི་གྲས་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པ་གསང་འདུས། བདེ་མཆོག །འཇིགས་བྱེད། དུས་འཁོར། ཕྱག་རྡོར་འཁོར་ཆེན། ཀུན་རིག རྡོར་དབྱིངས། རྣམ་སྣང་མངོན་བྱང་། ཚེ་དཔག་ལྷ་དགུ །མི་འཁྲུགས་པ། བླ་མ་མཆོད་པའི་ཆོག་གྲྭ་ཁག་གཉིས། གནས་བཅུ་རྒྱས་པ་བཅས་ཆོག་གྲྭ་ཁག་བཅུ་གསུམ་སྟེ། རྒྱུད་སྡེ་བཞི་ཀ་ཚང་བའི་སྒྲུབ་མཆོད་ཆེན་མོ་རྒྱུད་སྡེའི་དགོངས་པ་ལྟར་གྱི་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་གསར་དུ་སྲོལ་བཏོད་པ་ནས་བཟུང་། ཕྱི་ལོ་ ༡༩༥༩ བར་མཛད་བཟང་དེ་ཉིད་མི་ཉམས་རྒྱུན་སྐྱོང་མཛད་ཡོད་པ་མ་ཟད། རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་ནས་ད་ལྟའི་བར་ཡང་ལོ་ལྟར་བོད་ཟླ་དང་པོའི་ཚེས་ ༢༢ ནས་ ༢༥ བར་ཤར་བྱང་གྲྭ་ཚང་སོ་སོར་དཔལ་རྡོ་རྗེ་འཇིགས་བྱེད་དང་གསང་བ་འདུས་པའི་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བའི་སྒྲུབ་མཆོད་ཆེན་མོ་འཚོག་བཞིན་ཡོད་པ་དང་།
བོད་ཚེས་ ༢༧ དང་ ༢༨ བྱང་རྩེའི་ཁོངས་ནས་ཕ་ར་ཁང་ཚན། ཀོང་པོ། བྲ་ཉེ་བཅས་ཁང་ཚན་གསུམ་ལ་དཔལ་གསང་བ་འདུས་པའི་ཆོག་གྲྭ། ཧར་གདོང་ཁང་ཚན་ལ་ཕྱག་རྡོར་འཁོར་ཆེན། གསེར་ཀོང་། བསམ་བློ། རྡོ་ར་བཅས་ཁང་ཚན་གསུམ་ལ་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། ཚ་བ་དང་ཀླུ་འབུམ་ཁང་ཚན་གཉིས་ལ་རྣལ་འབྱོར་རྒྱུད་རྡོར་དབྱིངས། ཏྲེ་ཧོར་དང་རྒྱལ་རོང་། གོ་བོ་བཅས་ལ་བྱ་རྒྱུད་མི་འཁྲུགས་པ། ཤར་རྩེའི་ཁོངས་ནས་རྡོ་ཁང་། ཉག་རེ། རྟ་དབོན། གུང་རུ་བཅས་ཁང་ཚན་བཞི་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཆོག་གྲྭ། ལྷོ་པ། ཐེ་པོ། མངའ་རིས་བཅས་ཁང་ཚན་གསུམ་ལ་བདེ་མཆོག་ལུ་ཨི་པ། ཤར་རྩེ་གྲྭ་ཚང་གི་དུས་འཁོར་ཆོག་གྲྭ་བས་དུས་འཁོར། ཅོ་ནེ་དང་སོག་པ་གཉིས་ལ་རྣལ་འབྱོར་རྒྱུད་ཀུན་རིག །ཟུང་ཆུ་ཁང་ཚན་ལ་བྱ་རྒྱུད་ཚེ་དཔག་མེད་ལྷ་དགུ། ཕུ་ཁང་ཁང་ཚན་ལ་གནས་བརྟན་ཕྱག་མཆོད་བཅས་འཚོགས་ཏེ། དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཞེས་གྲགས་པ་རྒྱུད་སྡེ་བཞི་ཀ་ཚང་བའི་ཆོག་གྲྭ་ཁག་བཅུ་གསུམ་དུས་གཅིག་ལ་མཐོང་པ་བརྒྱུད་པའི་ཕྱག་བཞེས་བཞིན་ཉམས་མེད་འཚོག་བཞིན་ཡོད་ལ། སྒྲུབ་མཆོད་ཀྱི་སྐབས་དེར་གནས་མཆོག་ཙ་རིའི་ལྷ་ཚོགས་ཐམས་ཅད་དགའ་ལྡན་དུ་བཞུགས་ཡོད་པར་གསུང་སྲོལ་ཡོད་པས་སྒྲུབ་མཆོད་ཀྱི་རིང་ལ་དགའ་ལྡན་གླིང་སྐོར་དུ་ཕེབས་ན་གནས་ཆེན་ཙ་རིར་དངོས་སུ་གནས་སྐོར་ལ་སོང་བ་ལྟ་བུའི་བྱིན་རླབས་དང་ཕན་ཡོན་ཡོད་པའི་ཡིད་ཆེས་དང་། སྦྱིན་སྲེག་དང་དཀྱིལ་འཁོར་མཇལ་ཁ་ཞུ་མཁན་ཧ་ཅང་མང་པོ་ཡོད།
སྲས་ཀྱི་ཐུ་བོ་རྒྱལ་སྲས་བྱམས་ཆེན་ཆོས་རྗེ་དང་། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། རྗེ་བཙུན་ཤེས་རབ་སེང་གེ་སོགས་ལ་སེ་འབྲས། བཀྲས་ལྷུན། རྒྱུད་གྲྭ་སྟོད་སྨད་གཉིས་སོགས་གསར་དུ་འདེབས་དགོས་ཀྱི་བཀའ་གནང་སྟེ། བོད་གངས་ཅན་གྱི་ལྗོངས་ཙམ་དུ་མ་ཟད། སོག་པོ་དང་། རྒྱ་ཡུལ་བཅས་དང་། དེང་རྒྱ་བལ་འབྲུག་གསུམ་དང་ཕྱིའི་ཡུལ་གྲུ་དུ་མར་ཞྭ་སེར་རིང་ལུགས་འཛིན་པའི་དགེ་འདུན་གྱི་སྡེ་ཆེ་ཆུང་གིས་ཁྱབ་ཡོད།
རྗེའི་སྐུ་ཚེ་མཐའ་མའི་མཛད་པ།
རབ་བྱུང་བདུན་པའི་ས་མོ་ཕག་ཕྱི་ལོ ༡༤༡༩ ལོར་གནས་བརྟན་ཤར་པ་རིན་ཆེན་རྒྱལ་མཚན་པ་ལ། ཁྱེད་རང་དང་བླ་མ་དཀའ་བཅུ་པ་དར་མ་རིན་ཆེན་གཉིས་ཀྱིས་དགོན་པ་འདི་ལེགས་པོར་བྱེད་དགོས་པ་ཡོད་ཅེས་གདན་སའི་དོ་དམ་བྱ་ལུགས་སོགས་ཀྱི་ཞལ་ཏའི་རིམ་པ་བསྩལ། འདུལ་འཛིན་གྲགས་པ་རྒྱལ་མཚན་དང་། དཀའ་བཅུ་པ་དར་མ་རིན་ཆེན་རྣམ་གཉིས་སྐུ་དྲུང་ན་བཞུགས་པའི་སྐབས། དཀའ་བཅུ་པས་བདག་ཅག་རྣམས་ལ་ཞལ་ཏ་ཞིག་མཛད་པར་ཞུ་ཞེས་གསོལ་བ་བཏབ་པར། དབུ་པཎ་ལེབ་ཞྭར་བཞེས་པའི་རྩེ་ནས་ཕྱག་མཛུབ་ཀྱིས་བཟུང་ནས་དར་མ་རིན་ཆེན་གྱི་སྐུ་པང་དུ་རྒྱངས་ཀྱིས་འཕེན་པ་དང་། དེ་མཚུངས་གོས་བེར་ཞིག་ཀྱང་གནང་ནས་དོན་གྱིས་རྗེ་བླ་མ་ཉིད་ཀྱི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད་དེ་བཀའ་ལས། དོན་དེ་གོ་བར་གྱིས་ལ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་ཅེས་གསུངས་ཤིང་། དེ་ནས་ཐུན་བཞིའི་རྣལ་འབྱོར་དང་། བདག་འཇུག་སོགས་ཐུགས་དམ་གྱི་རིམ་པ་མ་ཆག་པར་མཛད་ཅིང་། སྔ་དྲོའི་ཆར་སྐུ་ཆོས་རྣམ་གསུམ་སོགས་གསོལ། གདིང་བའི་སྟེང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས། སྐུ་ལུས་དྲང་པོར་བསྲངས་ཕྱག་གཉིས་མཉམ་གཞག་མཛད་དེ། ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ཉི་མ་ཤར་བ་དང་དུས་མཉམ་དུ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་མཐར་འོད་གསལ་ཐམས་ཅད་སྟོང་པ་ཆོས་ཀྱི་སྐུ་མངོན་དུ་མཛད་པར་གྱུར་ཅིང་། བར་དོར་ལོངས་སྤྱོད་རྫོགས་སྐུའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ཉེ་བར་བསྟན་ཏོ།།
སྐུ་མྱ་ངན་ལས་འདས་ནས་ཞག་བཞི་བཅུ་ཞེ་དགུ་འདས་རྗེས། སློབ་དཔོན་དར་མ་རིན་ཆེན་ལ་ཐུགས་སྲས་འདུལ་འཛིན་པ་དང་མཁས་གྲུབ་ཆོས་རྗེ་སོགས་བུ་སློབ་གཞན་གྱིས་མགྲིན་གཅིག་ཏུ་གསོས་འདེབས་མཛད་པ་བཞིན། དཀའ་བཅུ་པ་ཆེན་པོ་དར་མ་རིན་ཆེན་དེ་ཉིད་འཇམ་མགོན་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ལ་ཞབས་སོར་འཁོད་ཅིང་། ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་རྗེ་བླ་མའི་རྒྱལ་ཚབ་ཏུ་མངའ་གསོལ་བར་མཛད་པ་ནས་འཇམ་དབྱངས་གཙང་པ་བདུན་བརྒྱུད་སོགས་ཕ་རྗེས་བུས་ཟིན་པའི་སློབ་མ་ཡང་སློབ་དང་བཅས་པ་གྲངས་མེད་པ་འབྱུང་བར་ལུང་བསྟན་པ་བཞིན་བོད་དུ་ཁྲི་ཆེན་ཐུབ་བསྟན་ཀུན་དགའི་བར་དགུ་བཅུ་གོ་དྲུག་དང་། རྒྱ་གར་དུ་སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་ནས་ད་ལྟའི་དགའ་ལྡན་ཁྲི་ཆེན་རྗེ་བཙུན་བློ་བཟང་བསྟན་འཛིན་གྱི་བར་བརྒྱད་བཅས་དགའ་ལྡན་ཁྲི་ཆེན་ ༡༠༤ རིམ་བྱོན་དང་། ༸རྒྱལ་མཆོག་ཡབ་སྲས་སྐུ་འཕྲེང་རིམ་བྱོན་རྣམས་ཀྱིས་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱིས་འཇམ་མགོན་བླ་མའི་བསྟན་པ་འདི་ཉིད་ལེགས་པར་བསྐྱངས་པའི་མཐུ་ལས་ད་ལྟའི་བར་དུ་མི་ཉམས་གོང་འཕེལ་དུ་བཞུགས་པ་འདི་དག་གོ།
གདན་ས་ཆེན་པོ་འདི་ཉིད་དུ། ཤར་བྱང་གི་གྲྭ་ཚང་གཉིས་དང་། ཁང་ཚན་ཉེར་གསུམ་ཡོད་ཅིང་། དགེ་འདུན་གྱི་ཞལ་གྲངས་ནི་ཐོག་མར་གྲྭ་གྲངས་ ༥༠༠ དང༌། བཻ་སེར་མཛད་སྐབས་གྲངས། ༡༡༠༠ ཕྱི་ལོ་ ༡༩༥༩ ལོར་གྲྭ་གྲངས་ ༥༤༠༠ ལྷག་ཙམ་ཡོད། དེང་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཆོས་རྗེ་རྣམ་གཉིས་དབུ་བཞུགས་ཐོག་དགེ་འདུན་ཞལ་གྲངས་ ༣༥༠༠ ལྷག་ཙམ་བཞུགས་ཡོད་ལ། ལས་སྣེར་ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས། ཚོགས་ཆེན་ཞལ་ངོ་གཉིས། ཚོགས་ཆེན་དབུ་མཛད། ཕྱག་མཛོད་གཉིས། དྲུང་ཡིག རྩིས་པ། མགོན་པོ་བ། སྐུ་གཉེར། ཇ་མ་སོགས་ཡོད།
མཁས་དང་གྲུབ་བརྙེས་གསེར་རིས་བསྐོར་བའི་དབུས། ། འཇམ་དབྱངས་ངུར་སྨྲིག་ལྷུན་པོར་བརྗིད་པ་དེས།།
ས་ཆེན་གུར་ཀུམ་ཚུལ་དུ་སྒྱུར་བཞིན་པར། །དབང་བསྐུར་རི་བོའི་ཕང་པར་མཆོག་ཏུ་མཛེས།།
ཀུན་རིག་བྱེ་བའི་ཆེད་བརྗོད་བདུད་རྩིའི་ལུང་། །རིང་ནས་བསྐྱིལ་བ་འབྲོག་གི་ས་འཛིན་སྤོར།།
རིག་གྲོལ་འདུས་པའི་མཚོ་ཆེན་འཁྱིལ་བའི་རྫིང་། །ཟླ་བྲལ་ས་ཟླའི་ཁམས་སུ་ལྷུན་གྱིས་གྲུབ།།
ཆོས་འདུལ་གཞུང་དང་གསང་ཆེན་རྒྱུད་སྡེའི་མཚོར། །གསལ་བའི་བཀོད་པ་རྫོགས་པའི་ལས་ཐབས་ཀྱིས།།
ཡིད་འཕྲོག་རྟེན་དང་བརྟེན་པའི་མཚར་སྡུག་འབུམ། །སྒྱུ་མའི་འཕྲུལ་དུ་བསྒྲུབས་པའི་ངོ་མཚར་འཛིན།།
དོན་ལྡན་བྱ་བར་མི་ཞུམ་སྙིང་སྟོབས་ཅན། །དད་གསུམ་ཤལ་བ་རིང་བའི་སྐྱེ་རྒུས་ཀྱང་།།
སྒོ་གསུམ་ངལ་བ་བཟོད་པའི་བཀུར་སྟི་དང་། །མཁོ་རྒུའི་འབྱོར་པས་མཆོད་པའི་ཞིང་དུ་སྙེམས།།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།