དགའ་ལྡན་ཤར་རྩེ་ཅོ་ནེ་ཁང་ཚན།

དགའ་ལྡན་ཤར་རྩེ་ཅོ་ནེ་ཁང་ཚན།

ཅོ་ནེ་ཁང་ཚན་ནི། བོད་ཀྱི་རྒྱལ་རབས་རྣམས་སུ་མདོ་སྨད་ཨ་མདོ་ཅོ་ནེ་པ་རྣམས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དམག་ཡིན་ཚུལ་གྲགས་པ་ལྟར། སྔོན་དུས་སུ་ཁང་ཚན་འདིའི་གྲྭ་རྒྱུན་མང་ཆེ་བ་མདོ་སྨད་ཨ་མདོ་ཅོ་ནེ་ནས་ཡིན་པས། ཁང་ཚན་གྱི་མིང་ལའང་ཅོ་ནེ་ཁང་ཚན་ཞེས་ཐོགས་པར་གྲགས། མདོ་སྔགས་ཆོས་ཀྱི་རོལ་མཚོ་གདམས་པའི་གཏེར་མཛོད་ཅོ་ནེ་གཡུ་ལོ་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཅོ་ནེ་ཤར་པ་སྤྲུལ་སྐུ་དགེ་འདུན་འཇམ་དབྱངས་སོགས་བྱོན།

༡༽ ཁང་ཚན་ལ་གྲྭ་རྒྱུན་ཡོངས་ཁུངས་ནི། ཨ་མདོ་ཅོ་ནེ། འོལ་ཁ། དབུས་གཙང་སོགས་ནས་ཡོང་གི་ཡོད། དེང་སྐབས་ཧི་མ་ལའི་རི་རྒྱུད་ནས་ཀྱང་གྲྭ་རྒྱུན་གང་མང་ཡོད།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེན།
ཁང་ཚན་སྲུང་མའི་གཙོ་བོ་དགེ་བསྙེན་ཆེན་པོ་རྨ་ཆེན་སྨོ་ར་ཡིན་ཞིང་། ཁང་ཚན་ལོ་གསར་སྐབས་དམིགས་བསལ་ཞབས་རིམ་གསུང་ཆོག་རྨ་ཆེན་བསྐངས་གསོ་སོགས་དང་། ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་བརྒྱ་དང་སུམ་ཅུ་ལྷག་ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་པ་ ༢༥ ཙམ་ཕེབས་ཐུབ་པ་བྱུང་ཁོངས་ནས་ཌལ་ལ་ཧོ་སེ་དང་ལམ་བཟོ་ལ་ཕེབས་མཁན་ཁག་ཅིག་བྱུང་ཞིང་། སྦག་ས་ཆོས་སྒར་དུ་དགེ་འདུན་པ་ ༤ ཙམ་ཕེབས་ཐུབ་པ་བྱུང་ཡོད།
ག༽ ལྷོ་ཕྱོགས་མོན་གྷོར་དང་པོར་ཕེབས་སྐབས་དགེ་འདུན་པ་ ༢ ཙམ་ཡོད།
ང༽ དེང་སྐབས་དགེ་འདུན་པ་ ༣༡ ཙམ་ཡོད།

༤༽  འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་དགེ་རྒན་གཅིག དངུལ་གཉེར་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།