དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ངོ་སྤྲོད་སྙིང་བསྡུས།

༡༽ ཐོག་མའི་བྱུང་རིམ་དང་མཚན་དོན།

ཕྱི་ལོ་ ༡༤༠༩ ལོར་མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཕྱག་བཏབ་པའི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང༌ནི། རྗེ་བླ་མ་ཙོང་ཁ་ཆེན་པོའི་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་གནས་བརྟན་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང༌། མཁས་གྲུབ་ཐམས་ཅད་མཁྱེན་པ་དགའ་ལྡན་ཁྲི་ལ་བཞུགས་སྐབས་བཤད་གྲྭ་ཁག་བཞི་ཡོད་པ་ནས་རྗེས་སོར་གཉིས་སུ་བསྒྲིལ་བ་བྱང་རྩེ་ཕྱོགས་སུ་རྣོན་པ་དཔལ་ལྡན་པ་དང་ཡར་འབྲོག་པ་གཉིས། ཤར་རྩེ་ཕྱོགས་སུ་པཎ་ཆེན་པ་དང་ཆོས་གྲགས་པ་གཉིས་ཀྱིས་འཆད་ཉན་མཛད།

མཁན་ཐོག་དང་པོ་རྗེ་ཙོང་ཁ་པའི་ནང་ཐུགས་ཀྱི་སྲས་གཅིག་པུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་གནང་བ་ནས་བཟུང་ད་ལྟའི་མཁན་རབས་ ༨༦ བར་མཁན་ཐོག་རིམ་བྱོན་དང་། གཞན་ཡང་གྲྭ་ཚང་འདི་ནས་༸རྒྱལ་བའི་ཡོངས་འཛིན་དང་མཚན་ཞབས། དགའ་ལྡན་ཁྲི་པ་དང་ཆོས་རྗེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱོན་ཡོད།

གྲྭ་ཚང་གི་མཚན་ལ་ཤར་རྩེ་ཞེས་པ་མཁས་གྲུབ་རྗེ་སྐུ་དུས་དུས་ནས་ཡོད་ཀྱང་། ཤར་རྩེ་ནོར་གླིང་གྲྭ་ཚང་ཞེས་མཚན་སྙན་བྱུང་ཚུལ་ནི། རྗེ་ཐམས་ཅད་མཁྱེན་པ་ཞིང་གཤེགས་ནས་ལོ་བཞི་པ་རབ་བྱུང་བདུན་པའི་ཆུ་སྟག་ལོར་སྐུ་འཁྲུངས་པའི་གྲྭ་ཚང་གི་མཁན་ཐོག་དྲུག་པ་མཁས་མཆོག་མཚེ་མ་དབང་རྒྱལ་དགུང་ལོ་ང་གཉིས་པར་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ལོར་ཤར་རྩེ་ནོར་བུ་གླིང་གི་འཆད་ཉན་སློབ་དཔོན་དུ་ཕེབས་ནས་ལེགས་བཤད་གསེར་ཕྲེང་དང་། རྣམ་བཤད་སྙིང་པོ་རྒྱན། ལེགས་བཤད་སྙིང་པོ་སོགས་ཀྱི་འཆད་ཉན་རྒྱ་ཆེན་པོ་མཛད། དེ་དག་གི་སྔ་ཕྱི་རྣམས་སུ་འདུས་ཚོགས་ཧ་ཅང་མི་ཆེ་ཡང་གང་ཡོད་རྣམས་སློབ་གཉེར་ཁོ་ནར་ཆེད་བརྩོན་མཛད་པས་ཕལ་ཆེར་གྱིས་རྣམ་བཤད་གསེར་ཕྲེང་སོགས་ཚང་མ་བློ་འདོན་ཐུབ་པ་བྱུང་ཞིང་། དེའི་དབང་གིས་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འདི་འདྲ་བ་རྣམས་ནི་ས་སྟེང་འདི་ན་ཡིད་བཞིན་ནོར་བུ་དང་འདྲ་བའི་བསྔགས་བརྗོད་ཤིན་ཏུ་ཆེ་བས་དེ་ལ་བརྟེན་ནས་གྲྭ་ཚང་འདི་ལ་ཤར་རྩེ་ནོར་བུ་གྲྭ་ཚང་ཞེས་གྲགས་པ་ཡིན་ཞེས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་པར་གྲྭ་ཚང་གི་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་དུ་གསལ།

ཆོས་རའི་མཚན་ལ་ལེགས་བཤད་ཀུན་སྒྲོག་གླིང་ཞེས་མཚན་ཐོགས་ཚུལ་ཡང་། རྒྱལ་མཆོག་སྐུ་འཕྲེང་བརྒྱད་པའི་སྐབས། གྲྭ་ཚང་གི་མཁན་ཐོག་ཞེ་དྲུག་པ་མཁན་ཆེན་ཆོས་དབང་རྒྱ་མཚོས་ཆོས་ར་གསར་བཞེངས་གནང་སྟེ། ཚེ་སྨོན་གླིང་ཡོངས་འཛིན་ངག་དབང་ཚུལ་ཁྲིམས་རབ་གནས་ལ་གདན་ཞུའི་ཐོག་བཀའ་ཆོས་དང་རབ་གནས་གནང་ཐོག ཆོས་གྲྭར་ཡང་ལེགས་བཤད་ཀུན་སྒྲོག་གླིང་ཞེས་པའི་མཚན་གསོལ་བསྐྱངས་ཤིང་། པཎ་ཆེན་ཐམས་ཅད་མཁྱེན་པར་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་མཁན་བརྒྱུད་གསོལ་འདེབས་བྱིན་རླབས་ཅན་དེ་ཉིད་དང་། ཆོས་སྐྱོང་ཆེན་པོའི་འཕྲིན་བཅོལ་བཅས་གསར་རྩོམ་གྱི་བསྐུལ་མ་གནང་སྟེ་ཚོགས་འདོན་དུ་འཛུག་པར་མཛད།

ཕྱི་ལོ་ ༡༩༥༩ རྒྱ་ནག་དམར་པོའི་སྟོབས་ཤུགས་ཀྱིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་བྱས་པར། རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་ཐོག་མར་སྦག་ས་ཆོས་སྒར་དུ། རྒྱ་གར་དང་རྒྱལ་སྤྱིའི་སྐྱོབ་གསོ་ལ་བརྟེན་ནས་འཚོ་ཞིང་སློབ་གཉེར་གནང་ནས་ལོ་བཅུ་བཞུགས།

༢༽ བཙན་བྱོལ་དུ་ཐོག་མར་འབྱོར་རྗེས་སྦག་ས་ཆོས་སྒར་གྱི་སྐོར།

རྗེ་ཙོང་ཁ་པས་གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་ནས་ཕྱི་ལོ་༡༩༥༩ བར་གདན་ས་གྲྭ་ཚང་རྣམས་མ་ཉམས་པར་གནས་ཤིང་། ཕྱི་ལོ་ ༡༩༥༠ ལོ་ནས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་དང་ཞི་དྲག་ཚ་འཇམ་འདྲ་མིན་གྱིས་དྲག་གནོན་ཚད་མེད་བྱས་མཐར། ཕྱི་ལོ་ ༡༩༥༩ ལོའི་བོད་ཟླ་ ༢ ཚེས་   ༡༤ ཉིན། དགེ་ལྡན་བསྟན་སྲུང་དམ་ཅན་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་ཟན་རྟགས་ཕུལ་བར། གྲྭ་མང་དགོན་པ་ནས་བཙན་བྱོལ་དུ་ཕེབས་ན་དགེ་མཚན་ཤིན་ཏུ་ཆེ་ཚུལ་གྱི་ཟན་རིལ་བབ་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་ཕེབས་རྗེས་སུ་བསྙེགས་ཏེ། མོན་རྟ་དབང་། འབྲུག གློ་ཡུལ་སོགས་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཐོག་མར་འབྱོར་སྐབས། རྒྱལ་བསྟན་ཉམས་པ་སླར་གསོའི་ཆེད་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུས་ཆོས་ལུགས་རིས་མེད་ཀྱི་སློབ་གཉེར་བའི་བསྟི་གནས་ཤིག་གསར་འཛུགས་ཆེད་རྒྱ་གར་གཞུང་ལ་རོགས་རམ་ཞུས་ཏེ། ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་ ༡༥༠༠ ཙམ་སྦག་ས་ཞེས་པའི་ས་ཆར་གཏོང་གནང་གིས་སྦག་ས་ཐོས་བསམ་ཐར་འདོད་གླིང་ཞེས་པ་དེར་རིས་མེད་ཀྱི་དགེ་འདུན་པ་རྣམས་ཐོས་བསམ་སློབ་གཉེར་གཙོ་བོ་གནང་སྟེ་ལོ་བཅུ་ཙམ་བཞུགས།

༣༽ སྦག་ས་ཐོས་བསམ་ཐར་འདོད་གླིང་ནས་རྒྱ་གར་ལྷོ་ཕྱོགས་སུ་སྤོས་པའི་ལོ་རྒྱུས་མདོར་བསྡུས།

དེ་ལྟར་སྦག་ས་ཐོས་བསམ་ཐར་འདོད་གླིང་དུ་ལོ་༡༠་རིང་ས་དགེ་བཀའ་རྙིང་རིས་མེད་ཀྱི་དགེ་འདུན་པ་༡༥༠༠་ཙམ་གྱིས་སློབ་གཉེར་གནང་བར་སྤྱི་ཡོངས་ནས་སློབ་གཉེར་ལ་གྲུབ་འབྲས་ཆེན་པོ་ཐོབ་ཀྱང་། དེ་ནི་འཕྲལ་སེལ་ཙམ་ལས། དགེ་འདུན་མང་ལ་དེ་ཁུལ་གྱི་གནམ་གཤིས་དང་ས་ཆུ་མ་འཕྲོད་པ་སོགས་དཀའ་ངལ་ཧ་ཅང་མང་བར་བརྟེན། ༸གོང་ས་ཡིད་བཞིན་ནོར་བུའི་རླབས་ཆེན་གྱི་དགོངས་གཞི་དང་། དཔལ་ལྡན་རང་གཞུང་གི་བཀའ་འབྲེལ་བཞིན། ཕྱི་ལོ་ ༡༩༦༩ ལོར་དགེ་འདུན་པ་རྣམས་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གནས་སྤོ་ཆ་བགོས་གནང་སྟེ། གདན་ས་འདིའི་དགེ་འདུན་པ་རྣམས་མོན་གྷོ་གཞིས་ཆགས་སུ་གནས་སྤོས་བྱས་ཏེ། སྐྱོབ་གསོའི་གུར་རེའི་ནང་དགེ་འདུན་པ་ལྔ་རེ་བཞུགས་ནས། སློབ་གཉེར་གཙོ་བོར་གནང་ཞིང་། ཞོར་དུ་འཚོ་ཐབས་ཀྱང་སྦག་ས་ལྟར་སྐྱོབ་གསོ་གཅིག་པུར་བརྟེན་མི་དགོས་པར། རང་ཁ་རང་གསོ་ཐུབ་ཆེད་ཉིན་མོའི་དུས་སུ་ས་ཞིང་འདེབས་ལས་དང་། སུད་ཚོང་། བཟོ་གྲྭ། ཞབས་བརྟན། ཕྱུག་གསོ་སོགས་ལས་ཀ་མང་བ་དང་། མཚན་མོ་ཆོས་ར་འཚོག་རྒྱུ་དང་། འཛིན་སྐྱོར་སྦྱང་དང་། དཔེ་ལྟས་སོགས་དཀའ་སྤྱད་དཔག་མེད་གནང་སྟེ། རིམ་བཞིན་སློབ་གཉེར་དང་། འཚོ་བ་སོགས་གང་ཐད་ནས་ལོ་རེ་བཞིན་ཡར་རྒྱས་ཕྱིན་ཏེ། དེང་སྐབས་སྔར་དང་མི་འདྲ་བར་དགེ་འདུན་ཡོངས་ཀྱི་འཚོ་བ་གྲྭ་ཚང་ནས་ནར་མར་གནང་བས། དགེ་འདུན་འདུས་མང་གིས་ཐོས་བསམ་སློབ་གཉེར་ཁོ་ནར་རྩེ་གཅིག་ཏུ་འབད་འབུངས་བྱེད་བཞིན་ཡོད།

༤༽ དགེ་འདུན་པའི་ཞལ་གྲངས་དང་གྲྭ་རྒྱུན་ཡོངས་ཁུངས།

སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས།༣༠༠༠ ལྷག་ཙམ་དང་། ཕྱི་ལོ་༡༩༦༩ ལོར་སྦག་ས་ནས་མོན་གྷོ་འདོད་རྒུ་གླིང་དུ་གནས་སྤོས་སྐབས་དགེ་འདུན་ཞལ་གྲངས། ༡༣༢ ཙམ་ཡོད་ཅིང་། (ཕྱི་ལོ་ ༢༠༢༢) དེང་སྐབས་གྲྭ་གྲངས། ༡༥༠༠ ལྷག་ཙམ་ཡོད། གྲྭ་རྒྱུན་ཡོངས་ཁུངས་ནི། གཙོ་བོ་བོད་དང་། གཞིས་ཆགས་ཁག ཧི་མ་ལ་ཡའི་རི་རྒྱུད་མོན་པ། ལ་དྭགས། སྤི་ཏི། ཁུ་ནུ། གྷ་ཤར། བལ་ཡུལ། འབྲུག། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་གཞན་ནས་ཀྱང་རེ་ཟུང་ཡོད།

༥༽ གྲྭ་ཚང་གི་འཆད་ཉན་ཡིག་ཆ།

དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རྒྱུན་དུ་འཆད་ཉན་གི་ཡིག་ཆ་གཙོ་བོ་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྔགས་ཀྱི་ཟབ་ཆོས་སྤྱི་དང་། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་ལེགས་བཤད་རྣམས་དང་། རྗེ་ཡབ་སྲས་རྣམས་དང༌། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་སོགས་གཙོ་བོར་འཛིན་བཞིན་ཡོད།

༦༽ ཐོས་བསམ་སློབ་གཉེར་གི་ཡུན་ཚད།

སྔོན་འགྲོ་ལོ་གཉིས། འཛིན་གྲྭ་དང་པོ་ནས་ལྔ་བ་བར། བསྡུས་གྲྭ་ལོ་བཞི། ཚད་མ་རྣམ་འགྲེལ་མགོ་ནས་ལུང་འགལ་གྱི་མགོ་བར་ལོ་གཅིག་དང་། དེ་འཕྲོས་དབུ་ཕར་སོགས་ཀྱི་འཛིན་གྲྭ་སོ་སོར་རྣམ་འགྲེལ་གྱི་གཞུང་ཚན་བགོས་ཏེ། འཛིན་གྲྭ་སོ་སོའི་ཐད་ཀའི་ཚད་མ་རྣམ་འགྲེལ་གྱི་གཞུང་ཚན་ལོ་རེའི་འཇང་རྒུན་ཆོས་སོགས་ཀྱི་སྐབས་སློབ་གཉེར་གནང་བཞིན་པ་ཡིན། ཕར་ཕྱིན་ལོ་ལྔ། དབུ་མ་ལོ་གསུམ། མཛོད་ལོ་གཉིས། འདུལ་བ་ལོ་གཉིས། དགེ་ལུགས་རྒྱུགས་སྤྲོད་ལོ་དྲུག་བཅས་གྲྭ་ཚང་འདིའི་སློབ་ཡུན་ཡིན།

༧༽ དགེ་བཤེས་ཀྱི་མཚན་རྟགས་བཞེས་ཚུལ།

གྲྭ་ཚང་འདི་ཉིད་དུ་བསྡུས་གྲྭ་ནས་འདུལ་བའི་བར་ཉུང་མཐར་མི་ལོ་ ༡༧ སློབ་གཉེར་ཚུལ་བཞིན་བྱས་ཏེ་གྲྭ་ཚང་གི་མཐའ་མའི་རྒྱུགས་སྤྲོད་ཐོན་མཚམས། སློབ་གཉེར་བ་དྲག་གྲས་རྣམས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ། ལོ་དྲུག་གི་རིང་རྒྱུགས་འབུལ་ཞུས་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པ་དང་། དེ་འོག་རྣམས་གྲྭ་ཚང་དུ་དགེ་བཤེས་ཚོགས་རམས་དང་། ཆོས་ཁྲི། ཚོགས་གསོག་དགེ་བཤེས་ཀྱི་མཚན་གནས་འབུལ་གྱི་ཡོད། ཡང་རྒྱུད་དུ་སྔགས་ཀྱི་དམ་འཇོག་མ་བྱས་པའི་དགེ་བཤེས་ཀྱི་ཁོངས་ནས་རྒན་རིམ་བཞིན་ལོ་སྟར་དབྱར་གནས་ཆེན་པོའི་སྐབས་དགེ་བཤེས་དབུ་མ་བཤད་རིང་ཞེས་སྔགས་ཀྱི་དམ་འཇོག་བྱ་དགོས། དགེ་བཤེས་དམ་འཇོག་ཟིན་རྗེས་མང་ཆེ་བ་རྒྱུད་གྲྭ་སྟོད་སྨད་གཉིས་སུ་སྔགས་ཕྱོགས་ལ་སློབ་གཉེར་གནང་ཆེད་ཕེབས་ཀྱི་ཡོད།

དགེ་བཤེས་ཀྱི་སྔོན་འགྲོ་ལྟ་བུར་བཀའ་བཅུའི་མིང་བཏགས་དང། རབ་འབྱམས་པའི་བཤད་པ། གླིང་བསྲེ་དང་། རྡོ་རམས་གང་རུང་གི་དམ་འཇོག་གནང་དགོས།

དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས་མང་ཆེ་བ་གདན་ས་རང་དུ་སློབ་གཉེར་བ་བརྒྱ་ཕྲག་མང་པོར་ཆོས་འཆད་སྤེལ་མཛད་དེ་ཀློག་པ་ཐོས་བསམ་གྱི་སྒོ་ནས་བཤད་སྒྲུབ་ཀྱི་རྒྱལ་མཚན་འཛིན་པར་བྱེད། འགའ་ཞིག་གནས་དབེན་པ་བསྟེན་ཏེ་ཚེ་དང་སྒྲུབ་པ་མཉམ་པ་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་བརྩོན་པ་མཛད་པ་དང་། ལ་ལ་རང་གཞུང་དང། ཚོགས་སྡེ། བླ་སྤྱི་དང་གྲྭ་ཚང་བཅས་ཀྱི་སྲི་ཞུ་སྒྲུབ་པའི་བྱ་བ་ལས་ཀྱི་འཁོར་ལོ་བརྩོན་པར་མཛད། གཞན་ཡང་བོད་དང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་འཛམ་གླིང་ཡུལ་གྲུ་དུ་མར་བསྟན་པའི་ཁུར་བཞེས་མཛད་མཁན་ཡང་མི་ཉུང་བ་ཞིག་ཡོད།

༨༽ རྒྱུན་དུ་ཆོ་ག་ཕྱག་བཞེས་ཀྱི་རིམ་པ།

རྒྱུན་དུ་ཆོ་ག་ཕྱག་བཞེས་ཀྱི་རིམ་པར། ལོ་ལྟར་བོད་ཟླ་དང་པོའི་ཚེས་ ༢༢ ནས་རྗེའི་མཛད་ཆེན་བཞིའི་གྲས་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་མཁན་བླ་འདུས་མང་བཅས་ནས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད་དང་སྦྱིན་སྲེག་བཅས་ཉིན་བཞི་ཚུགས་མུས། ཆོས་ཐོག་སོ་སོར་བསྐང་གསོ་ཆེན་པོ་དང་། ཆོས་སྤྱོད་དུས་བཟང་། རྒྱན་འཇུག་དུས་བཟང་བཅས་སྔར་སྲོལ་བཞིན་ཚུགས་མུས་ཐོག། བོད་ཟླ་དགུ་པའི་ནང་ལྷ་བབས་དུས་ཆེན་དང་སྟབས་བསྟུན་གྱིས་ལོ་སྟར་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གསུམ་ཚོགས་མུས། བོད་ཟླ་བཅུ་གཉིས་པའི་ནང་ཡངས་ཅན་སྨོན་ལམ་བཅས་ཚོགས་བཞིན་པ་དང་།  ལོ་ལྟར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག ཟླ་རེའི་བོད་ཚེས་ ༨ ལ་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཞབས་རིམ་དུ་སྒྲོལ་ཆོག་དང་གནས་བརྟན་ཕྱག་མཆོད། ཟླ་བསྐང་། དགེ་བཤེས་རྣམས་ཀྱིས་ཟླ་རེའི་ནང་ཡི་དམ་གསང་བདེ་འཇིགས་གསུམ་གང་རུང་གི་བདག་འཇུག་ཆག་མེད་འཚོགས་བཞིན་ཡོད།

༩༽ ལོ་འཁོར་མའི་ནང་གི་མཛད་རིམ་གལ་ཆེན་ཁག

བོད་ཟླ་དང་པོ། ལོ་ལྟར་བོད་ལུགས་ལོ་གསར་མཛད་སྒོ་དང་། བོད་ཟླ་དང་པོའི་ཚེས་ ༧ ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་གྲངས་བཅུ། ཚེས་ ༢༢ ནས་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཉིན་བཞིའི་སྐབས་གྲྭ་ཚང་གི་འདུས་མང་ནས་ལོ་ལྟར་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་མཆོད་དང་་། འདི་གའི་དུས་འཁོར་ཆོག་གྲྭའི་སྡེ་ཚན་ནས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཚོགས་མུས། ཁང་ཚན་རྣམས་ནས་ཀྱང་ཆོག་གྲྭ་ཁག་འཚོག་བཞིན་ཡོད།

བོད་ཟླ་གཉིས་པ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་དང་དགོང་དྲོ་རྩོད་པ།

བོད་ཟླ་གསུམ་པ། ཐེ་པོ་ཆོས་ཐོག་ཞག་བཅུ་བདུན། དཔྱིད་རམས་པའི་བཤད་པ། གླིང་བསྲེ། ཆོས་ཁྲི་དགེ་བཤེས། ཚོགས་གསོག་དགེ་བཤེས་རྣམས་ཀྱི་དམ་བཅའ། ཆོས་སྤྱོད་དུས་བཟང་། བསྐང་གསོ་དུས་བཟང་།

བོད་ཟླ་བཞི་པ་དང་། གསང་ཕུ་དབྱར་ཆོས་ཟླ་བ་གཅིག་དང་ཕྱེད། ས་ཟླའི་དུས་ཆེན་ལ་ཐེག་ཆེན་གསོ་སྦྱོང་དང་དུས་དྲན་གསོ་སྦྱོང་། ར་སྟོད་དང་དམ་བཅའ་འཇོག་རེས། ཆོས་སྤྱོད་དུས་བཟང་། རྒྱན་འཇུག་དུས་བཟང་། བསྐང་གསོ་དུས་བཟང་། རོལ་དབྱངས་རྒྱུགས་སྤྲོད།

བོད་ཟླ་ལྔ་པ། གསང་ཕུ་དབྱར་ཆོས་ཟླ་བ་གཅིག་དང་ཕྱེད། དགེ་བསྐོས་ཆོས་ཐོག་ཞག་བཅུ། གཞན་སེལ་དམ་བཅའ། གཞུང་ཆེན་བགྲོ་གླེང་ཉིན་གསུམ། རྩོད་འགྲན་ཉིན་དྲུག གྲྭ་ཚང་གཉིས་སུ་འདུལ་མཛོད་དམ་བཅའ་ཉིན་གཉིས།

བོད་ཟླ་དྲུག་པ་དང་། དབྱར་གནས་ཆེན་མོའི་ཆོས་ཐོག་ཟླ་བ་གཅིག་དང་ཕྱེད། དེའི་སྐབས་གཞི་གསུམ་ལས་དབྱར་གྱི་གཞི་དང་དགག་དབྱེའི་གཞིའི་ཉམས་བཞེས། དྲུག་པ་ཚེས་བཞི། ཟླ་དྲུག་རྒྱུགས་སྤྲོད་ཉིན་བཅུ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཟླ་བ་གཅིག། ཆོས་སྤྱོད་དུས་བཟང་། རྒྱན་འཇུག་དུས་བཟང་། བསྐང་གསོ་དུས་བཟང་། དབྱར་རམས་པའི་བཤད་པ། དཔྱིད་དབྱར་གླིང་བསྲེ། དཔྱིད་དབྱར་རྡོ་རམས་དམ་བཅའ།

བོད་ཟླ་བདུན་པ། དབྱར་གནས་ཆེན་མོའི་ཆོས་ཐོག་ཟླ་བ་གཅིག་དང་ཕྱེད། དགའ་ལྡན་ཁྲི་རིན་པོ་ཆེ་དང་ཆོས་རྗེ་རྣམ་གཉིས་ནས་ལམ་རིམ་བཀའ་ཆོས་ཉིན་གསུམ་རེ། ཚོགས་ཆེན་ཚོགས་ལངས་ཆ་བཅུ་དྲུག་དང་། གྲྭ་ཚང་གི་ཚོགས་ལངས་ཆ་བཅུ་དྲུག དགེ་བཤེས་དབུ་མ་བཤད་རིང་གི་སྔགས་ཀྱི་དམ་བཅའ། བསྡུས་གྲྭ། ཕར་ཕྱིན། དབུ་མའི་དམ་བཅའ་བཅས་ཉིན་གསུམ། རྣམ་འགྲེལ་དང་། ཀུན་གཞི་དང་དྲང་ངེས་ཀྱི་དམ་བཅའ་ཉིན་གཉིས།

བོད་ཟླ་བརྒྱད་པ། སྟོན་ཆོས་ཆེན་མོ་ཟླ་བ་གཅིག། ཆོས་སྤྱོད་དུས་བཟང་། རྒྱན་འཇུག་དུས་བཟང་། བསྐང་གསོ་དུས་བཟང་། གྲྭ་ཚང་གཉིས་སུ་འདུལ་མཛོད་དང་དབུ་ཕར་དམ་བཅའ།

བོད་ཟླ་དགུ་པ། སྟོན་ཆོས་ཆུང་བ་ཞག་བཅོ་ལྔ། སྟོན་རམས་པའི་བཤད་པ། ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཉིན་བཅུ། ལྷ་བས་དུས་ཆེན་དང་རབ་གནས་ཆེན་མོ་ཉིན་གསུམ།

བོད་ཟླ་བཅུ་པ། དགེ་བཤེས་ལྷ་ཚོགས་ཀྱི་དམ་བཅའ་ཁག་ཡོད། སྟོན་དགུན་གླིང་བསྲེ། སྟོན་དགུན་རྡོ་རམས་དམ་བཅའ། དགེ་བཤེས་རྣམས་ཀྱི་སྔགས་ཀྱི་རྒྱུགས་སྤྲོད། བསླབ་པ་མཐར་སོན་པའི་དགའ་སྟོན། དགའ་ལྡན་ལྔ་མཆོད་ཆེན་མོ།

བོད་ཟླ་བཅུ་གཅིག་པ། དགུན་ཆོས་ཆེན་མོ་ཟླ་བ་གཅིག འཇང་དགུན་ཆོས། རིགས་ཚོགས་དང་བྱམས་ཆོས་ཀྱི་དགུན་ཆོས་ཆེན་མོ་ལོ་ལྟར་ཟླ་བ་གཅིག་གི་རིང་འཚོགས་ཀྱི་ཡོད།

བོད་ཟླ་བཅུ་གཉིས་པ། དགུན་ཆོས་ཆུང་བ་ཞག་བཅོ་ལྔ། དགུན་རམས་པའི་བཤད་པ། དགེ་བཤེས་ལྷ་ཚོགས་རྣམས་ཀྱིས་གྲྭ་ཚང་གཉིས་སུ་མཚན་ཕུད་དམ་བཅའ། འཛིན་གྲྭ་དམའ་རིམ་རྣམས་ཀྱི་ཟླ་གསུམ་རྒྱུགས་སྤྲོད། ཡངས་ཅན་སྨོན་ལམ། ཆོས་སྤྱོད་དུས་བཟང་། བསྐང་གསོ་དུས་བཟང་།

༡༠༽ འཛིན་སྐྱོང་གི་སྡེ་ཚན།

ཤར་རྩེ་མཁན་པོའི་བླ་བྲང་དང་། ཕྱག་མཛོད་ཁང་། སྦུག་པ། རྩིས་ཞིབ་ལས་ཁུངས། ཤེས་ཡོན་ལྷན་ཚོགས། སློབ་གཉེར་ལྷན་ཚོགས། སློབ་གྲྭ། ཚན་རིག་སྡེ་ཚན། དཔེ་མཛོད་ཁང་། དྲ་རྒྱ་དང་རྩོམ་རིག་སྡེ་ཚན། སྨན་ཁང་། གནས་བརྟན་བགྲེས་སོང་ཁང་། བསེ་ཁྲབ་ཁང་། དུང་པ་དང་རྒྱ་གླིང་པ། མཆོད་བཟོ་ཁང་། རུང་ཁང་། ལས་བྱེད་སྤྱི་ཐབ་ཁང་། དྭངས་གཙང་ཆུ་བཙོང་། མགྲོན་ཁང་། ཟ་ཁང་། ཚོང་ཁང་། ཚེམ་བཟོ་ཁང་། ཁ་ལོ་བ། རྡ་ས་ཡན་ལག་ཞབས་བརྟན་ཁང་། ལྡི་ལིའི་མགྲོན་ཁང་སོགས་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གྲྭ་ཚང་གི་ཆོས་ཚོགས་ཡོད་པ་ནི། ཨ་རིར་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་དང་། སྤྱན་རས་གཟིགས་ཆོས་ཚོགས། སིང་ག་པུར་དུ་དགའ་ལྡན་ཤར་རྩེ་འགྲོ་ཕན་གླིང་། ཐེ་ཝན་དུ་དགའ་ལྡན་ཤར་རྩེ་ཐུབ་བསྟན་བཤད་སྒྲུབ་ཉམས་བཞེས་ཁང་། མ་ལེ་ཤི་ཡར་དགའ་ལྡན་ཤར་རྩེ་ཕན་བདེ་ལེགས་བཤད་གླིང་བཅས་ཡོད།

༡༡༽ གྲྭ་ཚང་འདིའི་ཁྱབ་ཁོངས་ཀྱི་ཆོས་ཚོགས་ཁག

ཨ་རིར་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་དང་སྤྱན་རས་གཞིགས་ཆོས་ཚོགས། སིང་ག་པུར་ཤར་རྩེ་འགྲོ་ཕན་གླིང་ཆོས་ཚོགས། ཐེ་ཝན་དུ་ཤར་རྩེ་ཐུབ་བསྟན་བཤད་སྒྲུབ་ཉམས་བཞེས་ཁང་ཆོས་ཚོགས། མ་ལེ་ཤི་ཡར་ཤར་རྩེ་ཕན་བདེ་ལེགས་བཤད་གླིང་ཆོགས་སོགས་ཡོད།

༡༢༽ ཁང་ཚན་བཅུ་གཅིག

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཁོངས་སུ་ཁང་ཚན་བཅུ་གཅིག་ཡོད་པ་སྟེ། རྡོ་ཁང༌དང་། ཕུ་ཁང༌། ཉག་རེ། ལྷོ་པ། ཟུང་ཆུ། ཅོ་ནེ། ཐེ་བོ། རྟ་དབོན། མངའ་རིས། སོག་པ། གུང་རུ་བཅས་ཡིན། སྔར་ཁང་ཚན་སོ་སོའི་ཁོངས་སུ་མི་ཚན་ཡོད་ཀྱང་རྒྱ་གར་དུ་སྲོལ་དེ་རྒྱུན་འཛིན་གནང་མེད།

༡༣༽ ལས་བྱེད་ཀྱི་རིམ་པ།

ལས་བྱེད་ཀྱི་རིམ་པ། གྲྭ་ཚང་འདི་ཉིད་ཀྱི་ཆོས་སྲིད་ཡོངས་ཀྱི་ཐུགས་འགན་ཡོངས་སུ་རྫོགས་པ་བཞེས་མཁན་དབུ་བཞུགས་སྐྱབས་གནས་མཁན་རིན་པོ་ཆེ། ཁྲིམས་ཀྱི་བཀོད་འདོམས་གནང་མཁན་དགེ་བསྐོས། འདོན་རྟ་དབྱངས་ཀྱི་འགན་བཞེས་གནང་མཁན་དབུ་མཛད་བཅས་དབུ་ཆོས་རྣམ་གསུམ་དང་། དགེ་བཤེས་ཆེན་མོ་བ། ཕྱག་མཛོད་ཉག་རོང་སྡེ་པས་གཙོས་པའི་སྡེ་ཚན་སོ་སོའི་ལས་བྱེད་བརྒྱ་ལྷག་ཡོད།

དགའ་ལྡན་བླ་སྤྱིའི་ལས་བྱེད་ལ་གྲྭ་ཚང་གི་ཁོངས་ནས། དབུ་མཁན་རིན་པོ་ཆེ། ཚོགས་ཆེན་ཞལ་ངོ། ཚོགས་ཆེན་དབུ་མཛད། བླ་སྤྱིའི་ཕྱག་མཛོད། དྲུང་ཡིག དཀོན་གཉེར། མགོན་པོ་བ། ཇ་མ་བཅས་ཡོད།

གྲྭ་ཚང་འདིའི་ཁོངས་ནས་བོད་ནང་དང་། རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ཡུལ་གྲུ་རྣམས་སུ་དགོན་སྡེའི་མཁན་པོ་དང་དགེ་རྒན། སྐུའི་གསུང་སྒྱུར། རྒྱལ་སྤྱི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ། ཝར་ན་མཐོ་སློབ་ཁང་གི་ངེས་སྟོན་པ་དང་དགེ་རྒན། གཞི་རིམ་སློབ་གྲྭའི་དགེ་རྒན། བོད་ཀྱི་དཔེ་མཛོད་ཁང་གི་སྲི་ཞུ་བ། དགེ་ལུགས་རྒྱུགས་སྤྲོད་དང་འཇང་དགུན་ཆོས་ཚོགས་པའི་རྒྱུན་ལས། ཝ་ན་བོད་དགོན་གྱི་མཁན་པོ་དང་རྒྱུན་ལས། དགེ་ལུགས་སྨོན་ལམ་ཚོགས་ཆུང་གི་རྒྱུན་ལས། རྡ་ས་གདན་གསུམ་མགྲོན་ཁང་གི་རྒྱུན་ལས། སྨོན་ལམ་ཚིག་མཛོད་ཀྱི་རྩོམ་སྒྲིག་པ། བླ་མ་མཉམ་འབྲེལ། ས་གནས་གྲོས་ཚོགས་དང་། རང་བདེན་ཚོགས་ཆུང་། འོས་བསྡུ་ལས་ཁང་རྣམས་ཀྱི་ལས་བྱེད། ཤིང་ལོང་བོད་དགོན་གྱི་མཁན་པོ་དང་ཆོག་གྲྭ་བ། སྤྱན་རས་གཟིགས་གླིང་དང་། ཀརྨ་དབང་པོ་སྐྱོན་ཅན་རོགས་ཚོགས་ཀྱི་ལས་བྱེད་སོགས་ཡོད།

གནས་ཡུལ་ས་གནས་       མོན་གྷོ་འདོད་རྒུ་གླིང་། ཀར་ནཱ་ཀྲ་ཀཱ རྒྱ་གར།