༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢ ཉིན། སྐྱབས་རྗེ་མཁན་ཟུར་བླ་ཏེ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་ཆོས་འཕེལ་མཆོག །གདན་ས་ཆེན་པོ་དགའ་ལྡན་དུ་ཚོགས་ཆེན་སྤྲུལ་སྐུའི་ཆོས་ཞུགས་རྟེན་འབྲེལ་མཛད་སྒོ་འཚོགས་ཡོད།

དེ་ཡང་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ། འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགའ་ལྡན་ཤར་རྩེ་སྐྱབས་རྗེ་མཁན་ཟུར་བླ་ཏེ་རིན་པོ་ཆེ་དམ་པ་གང་དེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་ཆོས་འཕེལ་མཆོག་ལ་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་སྩལ་གནང་བཀའ་དྲིན་ཆེ་དོན་བཞིན། བོད་ཟླ་ ༦ ཚེས་ ༥ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དུ། ཚོགས་ཆེན་སྤྲུལ་སྐུའི་ཁྲི་འདོན་མཛད་སྒོ་དངོས་གཞིའི་ཐོག་སྤྱི་འབུལ་དང་དགེ་འདུན་འདུས་མང་ལ་བསྙེན་འགྱེད་གཟབ་རྒྱས་ཞུས། དེ་རྗེས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚོགས་ཁང་དུ་རྟེན་འབྲེལ་མཇལ་དར་མགྲོན་འབུལ་དང་། སྐུ་མགྲོན་རྣམས་ལ་ཉིན་གུང་གསོལ་ཚིགས་གཟབ་རྒྱས་གུས་འབུལ་ཞུས།

མཛད་སྒོའི་ཐོག་གདན་ས་གྲྭ་ཚང་ཁག་གི་སྐྱབས་གནས་མཁན་རིན་པོ་ཆེ་དང་མཁན་ཟུར་རིན་པོ་ཆེ། མཁན་ཚབ་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ས་གནས་སྐུ་ངོ་གཞིས་འགོ་མཆོག་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་གཙོ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། སྤི་ཏི་བྲག་མཁར་དགོན་པ་དང་དཀྱིལ་དགོན་པའི་མཁན་པོ་དང་མཁན་ཚབ་དང་ཤིང་ནགས་ཀྱི་འགོ་དཔོན་སོགས། གདན་ས་གྲྭ་ཚང་ཁག་གི་དགེ་བསྐོས་དང་དབུ་མཛད། ཕྱག་མཛོད། ཁང་ཚན་རྒན་རྣམ་པ། གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ། མོན་གྷོ་ཀརྨ་ཐེབས་རྩ་ཚོགས་པའི་འགན་འཛིན་དང་རྒྱ་གར་གྱི་སྐུ་མགྲོན་རྣམ་པ། མཆོག་སྤྲུལ་རིན་པོ་ཆེའི་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས། སིང་གྷ་སྤུར་འགྲོ་ཕན་གླིང་ཆོས་ཚོགས་ཀྱི་འགན་འཛིན་དང་ཚོགས་མི། སིང་གྷ་སྤུར་ནོར་བུ་ཆོས་གླིང་གི་དབུ་བླ། ཐཱའི་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་སྐུ་ཚབ་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པ་དང་། གཞན་ཡང་སྐུ་གོང་མའི་ཞལ་སློབ་བླ་སྤྲུལ་དགེ་བཤེས་ཀྱིས་གཙོས་དགེ་འདུན་པ་དང་མི་སྐྱ་བརྒྱ་ཕྲག་མང་པོ་ཆེད་ཕེབས་གནང་ཡོད།

རང་ཅག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་མཁན་ཟུར་བླ་ཏེ་རིན་པོ་ཆེ་རྗེ་བཙུན་བྱང་ཆུབ་ཚུལ་ཁྲིམས་ཆོས་འཕེལ་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༢༢ ལོར་བོད་མདོ་སྟོད་ཡ་ར་ཁུལ་དུ་སྐུ་འཁྲུངས། སྐུ་ཆུང་དུས་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་ཕྱག་བཏབ་པའི་བྲག་བྱ་དགོན་དུ་སྒྲིགས་ཞུགས་མཛད། ཕྱི་ལོ་ ༡༩༣༦ ལོར་བོད་དབུས་གཙང་དུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྒྲིགས་ཞུགས་མཛད། གངས་དཀར་བླ་མ་རིན་པོ་ཆེའི་བཀའ་བཞིན་ཕར་ཕྱིན་སྐབས་བརྒྱད་རྙིང་པ་ནས་ཆོས་ཞུགས་མཛད།

ཕྱི་ལོ་ ༡༩༥༤ ལོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་མཛད་སྒོ་ཁག་ལེགས་པར་གྲུབ་སྟེ་ཕྱིར་ཕེབས་ཀྱིས་དབྱར་གནས་ཆེན་མོའི་སྐབས་གདན་ས་དགའ་ལྡན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་འདུན་འདུས་མང་ལ་རྗེ་ཚེ་འཛིན་མའི་བཀའ་དབང་སོགས་སྩལ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས་ལ་སློབ་གཉེར་བ་དཔེ་ཆ་ལེགས་གྲས་ནས་ཆོས་ཀྱི་བགྲོ་གླེང་བྱ་དགོས་པའི་བཀའ་ཕེབས་དོན་བཞིན་བླ་ཏེ་རིན་པོ་ཆེ་འདི་པ་དང་། རྗེས་སོར་དགའ་ལྡན་གསེར་ཁྲིར་ཕེབས་པའི་དགའ་བྱང་ཕ་རའི་མཁས་དབང་འཇམ་དཔལ་གཞན་ཕན་རྣམ་གཉིས་ལྷན་དུ་དཀར་སྤྲོའི་ཚོགས་བཞེངས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར།

ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་བྱང་ཆུབ་ཆེན་པོའམ་མཧཱ་བྷུ་ངྷི་ཆོས་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་པ་ཐུགས་རྗེ་ཅན་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་ཆེན་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར། རྒྱ་གར་གྱིི་གནས་ཆེན་ཁག་ལ་གནས་གཟིགས་དང་མཛད་སྒོ་རྣམས་ལེགས་པར་གྲུབ་ནས་ཕྱིར་ཕེབས་ཀྱིས་ནོར་གླིང་སྐལ་བཟང་ཕོ་བྲང་དུ་ཞབས་འཁོད་དེ་དགའ་སྟོན་གྱི་མཛད་སྒོའི་སྐབས། བླ་ཏེ་རིན་པོ་ཆེ་འདི་པ་དང་སྒོ་མང་མཁས་དབང་བཀའ་རམས་སྐྱོར་དཔོན་དགེ་འདུན་དོན་ལྡན་རྣམ་གཉིས་ལྷན་དུ་དཀར་སྤྲོའི་ཚོགས་བཞེངས་ཀྱི་བགྲོ་གླེང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྒྱ་ཆེར་འབུལ་བར་མཛད།

ཕྱི་ལོ་ ༡༩༥༧ ལོར། ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛ་དེ་ལྷ་རམས་པ་གདན་གསུམ་གྲྭ་ཚང་ཁག་ནས་མཚན་སྙན་གྱི་གྲགས་པ་ཤིན་ཏུ་ཆེ་བའི་མཁས་པ་མང་པོའི་དབུས་སུ་གཞུང་གནས་ནས་རིན་པོ་ཆེ་མཆོག་ལ་ལྷ་རམས་ཨང་གཉིས་པའི་དང་པོའི་གཟེངས་བསྟོད་བྱ་དགའ་བསྩལ། དེ་རྗེས་རྒྱུད་སྟོད་དུ་སྔགས་ཕྱོགས་ལ་སློབ་གཉེར་གནང་ཆེད་སྒྲིག་ཞུགས་མཛད།

ཕྱི་ལོ་ ༡༩༥༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཆེན་པོ་དགའ་ལྡན་དུ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་ཀྱི་མཛད་ཆེན་བཀའ་དྲིན་སྐྱོང་སྐབས་དགའ་ལྡན་ཚོགས་ཆེན་དུ་དགའ་བྱང་ཚ་བ་གསེར་བཟང་རིན་པོ་ཆེ་མཆོག་དང་རིན་པོ་ཆེ་འདི་པ་རྣམ་གཉིས་ལྷན་དུ་དཀར་སྤྲོའི་ཚོགས་བཞེངས་ཀྱིས་བགྲོ་གླེང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར།

ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོམཆོག་གིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་མཚན་རྟགས་བཞེས་པའི་མཛད་ཆེན་སྐབས་རྟགས་གསལ་འབུལ་མཁན་དགེ་བཤེས་ལྷ་རམས་པ་དྲག་འདེམས་གྲས་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམ་ཆོས་འདུལ་བའི་དཀའ་གནད་ལས་བརྩམས་ཏེ་བགྲོ་གླེང་གི་མཆོད་སྤྲིན་འབུལ་བར་མཛད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་བཞུགས། ཕྱི་ལོ་ ༡༩༦༢ ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་བཞིན་གཙོ་བོ་རྡ་སར་བཞུགས་གནས་མཛད་དེ། སྐུ་ཚེ་མཐའ་འཁྱོལ་བར་༸རྒྱལ་བའི་དབུ་འོག་ཞབས་འདེགས་བླ་མེད་ཞུས།

ཕྱི་ལོ་ ༡༩༧༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་རིན་པོ་ཆེ་སྩལ་དོན་བཞིན། མཁན་ཁྲིིར་ཕེབས་ཏེ། ཕྱི་ལོ་ ༡༩༨༥ བར་ལོ་ངོ་བརྒྱད་ལྷག་གི་རིང་མཁན་པོའི་མཛད་འགན་ཡང་དག་པར་བཞེས།

གྲྭ་ཚང་དུ་དགེ་འདུན་འདུས་མང་ལ་མདོ་སྔགས་ཀྱི་བཀའ་ཆོས་མཐའ་ཡས་པ་སྩལ་པར་མཛད་པ་མ་ཟད། ཨ་རི་དང་། ཁེ་ན་ཌ། འཇར་མ་ནི། ཕཱ་རན་སི། སུད་རྫར་ལེནཌ། སི་པེན། ལྷོ་ཀོ་རི་ཡ། སིང་ག་པུར། ཐཱའི་ཝན། མ་ལེ་ཤི་ཡ། ཨིན་ཌོ་ནེ་ཤི་ཡ། བལ་ཡུལ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་སྤི་ཏི་སོགས་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་དད་ལྡན་གྱི་ཞལ་སློབ་སེར་སྐྱ་གྲངས་ལས་འདས་པར་དམ་ཆོས་བདུད་རྩིའི་གྲུ་ཆར་འཛད་མེད་དུ་སྩལ།

ཐོག་མར་ཐེ་པོ་མཆོག་སྤྲུལ་རིན་པོ་ཆེ་དང་། དེ་རྗེས་ལོ་ཆེན་རིན་པོ་ཆེ། ཆུ་བཟང་རིན་པོ་ཆེ། ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་དང་། ཟོང་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་མ་སྐྱེས་ཆེན་དམ་པ་དུ་མའི་ཡོངས་འཛིན་གྱི་མཛད་འགན་རིམ་པར་བཞེས།

ཕྱི་ལོ་ ༢༠༡༠ ལོར་བཞུགས་སྒར་དུ་དགོངས་པ་གཤེགས་ཚུལ་བསྟན་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་རྟེན་དང་། མྱུར་བྱོན་གསོལ་འདེབས་བཀའ་རྩོམ་ཡོང་བའི་གསོལ་འདེབས་ཞུས་པར། མྱུར་བྱོན་གསོལ་འདེབས་བཀའ་རྩོམ་མཛད་པའི་མཇུག་བྱང་དུ། ༸གོང་ས་མཆོག་གིས། བླ་ཏེ་རིན་པོ་ཆེ་ནི་ངོས་དང་ལོ་ལྔ་བཅུ་བརྒལ་བའི་རིང་རྒྱུན་གཤིས་དད་དམ་གཙང་ཞིང་གཡོ་བ་མེད་པ་ཞིག་ཡིན་པ་དང་། ད་ཆ་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པར་ཐུགས་ཕམ་བྱུང་ཚུལ་སོགས་གསལ།

དམ་པ་ཁོང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་ཆོས་འཕེལ་མཆོག་ནི། ཕྱི་ལོ་ ༢༠༡༢ ལོར་གློ་བོ་ཕུག་པ་བསམ་གཏན་གླིང་དུ་ཡབ་བཀྲ་ཤིས་དོན་གྲུབ་དང་ཡུམ་ཡེ་ཤེས་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་ ༢༠༡༨ ལོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་སྲིད་ངོས་འཛིན་གནང་ནས་བསྟན་འཛིན་བྱང་ཆུབ་ཆོས་འཕེལ་ཞེས་མཚན་གསོལ་བཀའ་དྲིན་བསྐྱངས། ལོ་དེར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད། མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་དྲང་སྲོང་བདེན་ཚིག་ཅེས་བྱ་བ་ཞིག་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བཀའ་རྩོམ་མཛད་ཡོད།

གྲྭ་ཚང་དང་བླ་བྲང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་བཀའ་དྲིན་སྩལ་དོན་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢ ཉིན། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དུ་ཚོགས་ཆེན་སྤྲུལ་སྐུའི་ཆོས་ཞུགས་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། མཆོག་སྤྲུལ་རིན་པོ་ཆེ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་སོགས་གང་ཐད་ནས་དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་མཛད་འཕྲིན་ཕྱོགས་ཀུན་ཏུ་རྒྱས་པའི་སྨོན་འདུན་ཞུ། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢ ལ།།

     

 

 

 

   ,